བྱང་ཨ་རིའི་ནང་འཁྲུངས་སྐར་སྲུང་བརྩི་རྒྱས་པ་ཞིག་གནང་རྒྱུ།
2020.01.18
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་མིའི་སྒྲིག་འཛུགས་ཀྱིས་ ༢༠༢༠ ལོ་འདི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་ཡོངས་ཁྱབ་གནང་བ་དང་། ཨ་རིའི་ནུབ་ཕྱོགས་བོད་མི་མཉམ་འདུས་ཀྱི་ལོ་ལྟར་༧སྐུའི་འཁྲུངས་སྐར་ས་ཚིགས་རེ་མོས་ཀྱིས་སྲུང་བརྩི་ཞུ་ཡི་ཡོད་པ་འདི་ལོ་ཐེངས་ ༢༥ པ་འཁོར་བ་བཅས་དང་བསྟུན། དམིགས་བསལ་ཁེ་ན་ཌ་ཚུད་པའི་བྱང་ཨ་རིའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་རྫོགས་ཀྱི་ཚོགས་མི་མཉམ་འདུས་ཀྱི་འཁྲུངས་སྐར་སྲུང་བརྩི་རྒྱས་པ་ཞིག་གནང་རྒྱུ་གཏན་འཁེལ་བྱུང་ཡོད་པ་ལྟར། འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་བོད་རིགས་ཚོགས་པའི་ཚོགས་ཟུར་དཀོན་མཆོག་བཀྲིས་ལགས་དང་ཚོགས་ཟུར་བསྟན་འཛིན་ཚེ་འཕེལ་ལགས་གཉིས་དང་ལྷན་ལས་རིམ་གཙོ་སྐྱོང་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།