ཧི་མཱ་ཅལ་མངའ་སྡེའི་ཁྲིམས་ཁང་ནས་མེཀ་ལོཌ་གྷནྗ་བོད་མིའི་སྡོད་ཁྱིམ་གཏོར་བཤིག་དགོས་པའི་བཀོད་ཁྱབ་བཏང་བ།
2014.01.15

༄༅༎རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་མེཀ་ལོཌ་གྷནྗ་གྲོང་ཁྱེར་ནང་ཡོད་པའི་བོད་མིའི་སྡོད་ཁྱིམ་༢༡༠ཤིང་ནགས་ལས་ཁུངས་ཀྱི་ས་ཆའི་སྟེང་བརྒྱབ་ཡོད་པ་རྣམས་ཁྲིམས་འགལ་ཡིན་པར་བརྟེན།མངའ་སྡེའི་ཁྲིམས་ཁང་གོང་མ་ནས་སྡོད་ཁྱིམ་དེ་དག་གཏོར་བཤིག་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང༌།མངའ་སྡེའི་ཁྲིམས་ཁང་ནས་གནད་དོན་དེའི་ཐད་ཉན་ཞིབ་ཀྱི་ཚེས་གྲངས་ཕྱི་ཟླ་༣ཚེས་༢༧བར་ཕར་འགྱང་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་གཅོ་བསྟན་འཛིན་དབང་རྒྱལ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
>>>ཡིག་ཐོག་གསར་འགྱུར།
དེ་ཡང་འདི་གའི་གསར་འགོད་པས་བཏང་བའི་གནས་ཚུལ་ལྟར། རྒྱ་གར་ཧི་མ་ཅལ་མངའ་སྡེའི་National Green Tribunal ཞེས་མངའ་སྡེའི་ཁྲིམས་ཁང་ནས་ རྡ་ས་Mcleod Gunj ཁུལ་གྱི་བོད་མི་ཁྱིམ་ཁང་༢༡༠ གཏོར་གཤིག་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག གོང་གསལ་ཁྲིམས་ཁང་གི་ཞིབ་འཇུག་ཚོགས་ཆུང་རྡ་སར་ཆེད་ཕེབས་ཀྱིས་ཞིབ་འཇུག་ཞིབ་ཕྲ་གནང་རྗེས། ཉེ་ལམ་སྙན་ཐོ་གདོན་སྤེལ་བྱས་པའི་ནང་བཞུགས་སྒར་ཁུལ་གྱི་བོད་མིའི་ཁྱིམ་ཁང་༢༡༠ཡིས་ཤིང་ནགས་ས་ཆ་ཧམ་ཟས་བྱས་ཡོད་པ་མ་ཟད། ཤིང་ནགས་གཅོད་འབྲེག་དང་ཐོག་བརྩེགས་ཅན་གྱི་ཁང་པ་མང་པོ་རྒྱག་ཡོད་པ། དེ་བཞིན་བྲག་རྡོའི་ཐོག་རི་མོ་འདྲ་མིན་བརྐོས་པ་དང་། ཤིང་ནགས་ས་ཆའི་ཐོག་དར་ལྕོག་སོགས་བཙུགས་ཏེ་ཁོར་ཡུག་ལ་གནོད་ཚེ་ཆེན་པོ་བྱུང་པ་གསལ་འདོན་བྱས་པ་དང་ཆབས་ཅིག བྱེད་སྒོ་མཐའ་དག་མཚམས་འཇོག་དགོས་པ་མ་ཟད་། ཤིང་ནགས་སྲུང་སྐྱོབ་ལས་ཁུངས་ནས་ཁང་པ་དེ་རིགས་ག་ཚོད་གཏོར་ཟིན་ཡོད་མེད་སོགས་ཀྱི་ལག་བསྟར་ཇི་བྱུང་གི་སྙན་ཐོ་ཁྲིམས་ཁང་དུ་འབུལ་དགོས་དགོས་པའི་བཀོད་ཁྱབ་གཏང་འདུག་པ་དང་། ཤིང་ནགས་སྲུང་སྐྱོབ་ལས་ཁུངས་ནས་ཁྲིམས་ཁང་གི་བཀོད་ཁྱབ་ལྟར། བོད་མིའི་ཁྱིམ་ཁང་གཏོར་ཤིག་གཏོང་རྒྱུའི་ལས་དོན་འཆར་བཀོད་བྱེད་བཞིན་པའི་སྐོར་ལན་འདེབས་བྱས་སྟེ། ད་ཆ་བོད་མི་དེ་དག་གི་སྡོད་ཁང་གནས་དང་མ་གནས་ཧ་ཅང་ཛ་དྲག་གི་གནས་སུ་སླེབས་ཡོད་པར་གསལ་འདུག བོད་མིའི་སྡོད་ཁང་གཏོར་གཤིག་གི་གནད་དོན་ཛ་དྲག་རྐྱེན་པས་བོད་མིའི་སྒྲིགས་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་ལྡི་ལི་རྒྱ་གར་དབུས་གཞུང་ལ་ཞུ་གཏུག་དང་། སིམ་ལར་ཡོད་པའི་ཁྲིམས་རྩོད་པ་དང་མཇལ་འཕྲད་ཀྱིས་བཀའ་བསྡུར་གནང་པ་བརྒྱུད་སིམ་ལ་ས་གནས་འགོ་འཛིན་ལས་ཁུངས་ལ་ མ་འོངས་བྱེད་ཕྱོགས་དང་མངའ་སྡེའི་གཞུང་ལ་བསྐུལ་མ་གནང་ཕྱོགས་ཀྱི་ལམ་སྟོན་ཞིབ་ཕྲ་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།