སྲིད་སྐྱོང་མཆོག་གིས་བོད་རིགས་ཡོངས་ལ་ལོ་གསར་འཚམས་འདྲི།
2015.02.19
དཔའ་བོ་དཔའ་མོ་ཡོངས་དང་་ད་ལྟའི་ཆར་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ང་ཚོས་ནམ་ཡང་བརྗེད་ཐབས་མེད།
དེ་ཡང་ཤིང་ལུག་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བརྙན་འཕྲིན་བརྒྱུད་ནས་ལོ་གསར་པའི་འཚམས་འདྲི་གནང་པའི་ནང་། ནང་མི་སྤུན་མཆེད་ཚང་མ་མཉམ་དུ་འཛོམས་ནས་དགའ་དགའ་སྤྲོ་སྤྲོ་བྱ་རྒྱུའི་དུས་ཚོད་ཅིག་ཡིན་ཙང་། ལོ་གསར་དང་འབྲེལ་བའི་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་ལ་ཚང་མས་མཉམ་ཞུགས་གནང་རྒྱུ་དང་། ལྷག་པར་གཞོན་པ་ཚོ་ཀྱང་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་དེ་དག་ནང་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་འདུག བོད་ཕྱི་ནང་གཉིས་ཀར། ཕྱི་ལུས་པོའི་ཐོག་ནས་ལོ་གསར་པའི་སྤྲོ་སྐྱིད་གཏོང་གི་ཡོད་ནའང་། ནང་སེམས་པའི་ཐོག་ལ་བོད་ས་ཡོངས་རྫོགས་བཙན་བཟུང་འོག་ལ་གནས་ཏེ། ད་ལྟའང་ཛ་དྲག་དང་། ཆེས་དམ་བསྒྲགས་ཀྱི་ཡ་ང་བའི་གནས་སྟངས་ཤིག་གི་འོག་བསྡད་ཡོད་ཙང་། ད་བར་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོ། དཔའ་མོ་ཡོངས་དང་། ད་ལྟའི་ཆར་རྒྱ་ནག་གི་བཙོན་ཁང་ནང་མནར་གཅོད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ང་ཚོས་ནམ་ཡང་བརྗེད་ཐབས་མེད།
ཕྱི་ལོ་༢༠༡༤ དེ་ང་ཚོས་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོར་སྲུང་བརྩི་ཞུས་པ་རེད། ལོ་འདིའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ལ་ཕེབས་ཀྱི་ཡོད། དེ་འདྲ་སོང་ཙང་། སྐུའི་གྱ་སྟོན་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་བཞིན་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་༢༠༡༦ཟླ་༡ཚེས་༡༤ནས་བཟུང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤ པ་དེ་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་པ་ནི། གཞིས་བྱེས་བོད་མི་ཙམ་དུ་མ་ཟད། སྐྱེ་འགྲོ་གྲངས་ལས་འདས་པར་བསོད་ནམས་ཀྱི་གོ་སྐལ་བཟང་པོ་ཞིག་ཆགས་ཡོད། སླར་ཡང་ལོ་གསར་པའི་དགའ་སྟོན་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཞུ་རྒྱུ་སོགས་གསུང་གནང་བཞག
གསར་འགོད་པ་ཚེ་བརྟན་རྡོ་རྗེ།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་གསར་འཚམས་འདྲི་ཀྱི་གསུང་འཕྲིན་གནང་ཡོད་པའི་སྐོར། ཚེ་དབང་དངོས་གྲུབ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་ཚེ་དབང་དངོས་གྲུབ།