གསར་གཏོད་གྱི་བསམ་བློ་འཕེལ་སླད་གཞུང་ལ་ཁ་གཏད།
2013.12.04
ཨ་རིའི་སྲིད་འཛིན་སྐུ་གཞོན་མཆོག་གིས་རྒྱ་ནག་ནང་གསར་གཏོད་གྱི་བསམ་བློ་འཕེལ་སླད་ མང་ཚོགས་ནས་གཞུང་ལ་ཁ་གཏད་གཅོག་དགོས་པའི་སྐོར་ནན་སྐུལ་གནང་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་གཞོན་པ་Li Yuanchao གིས་མགྲོན་འབོད་ཞུས་པ་ལྟར། ཨ་རིའི་སྲིད་འཛིན་སྐུ་གཞོན་Joe Biden མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གཞུང་དོན་འཚམས་གཟིགས་སུ་ཕེབས་ཡོད་པ་རེད་། ཚེས་༤ཉིན་སྐུ་ཞབས་Joe Biden མཆོག་གིས་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་ནང་གཞུང་ཚབ་Gary Locke དང་ལྷན་ཨ་རིའི་ནང་འགྲིམས་འགྲུལ་ཐོངས་མཆན་ཞུ་མཁན་རྒྱ་རིགས་ཁག་ཅིག་དང་མཇལ་འཕྲད་གནང་འདུག་པ་དང་། སྐབས་དེར་སྐུ་ཞབས་Biden མཆོག་གིས་རྒྱ་ནག་ནང་གསར་གཏོད་ཀྱི་བསམ་བློ་འཕེལ་བར་རང་དབང་དགོས་རྒྱུ་གལ་གང་ཤིན་ཏུ་ཆེ་བ་དང་། དེ་ལྟར་འགྲུབ་ཆེད་མང་ཚོགས་ནས་གཞུང་དང་། དགེ་རྒན། དེ་བཞིན་ཆོས་ཕྱོགས་ཀྱི་འགོ་འཁྲིད་བཅས་ཀྱི་བསམ་བློའི་འཁྱེར་བཟོ་ལ་ཁ་གཏད་དང་། གདོང་ལེན་བྱེད་དགོས་པའི་སྐོར་ནན་བརྗོད་གནང་འདུག ད་རེས་ཀྱི་གཟིགས་སྐོར་དེའི་རིང་ ཨ་རིའི་སྲིད་འཛིན་གཞོན་པ་Joe Biden མཆོག་ནས་རྒྱ་ནག་གི་སྲིད་འཛིན་Xi Jinping ལྷན་དང་མཇལ་མོལ་གནང་རྒྱུ་ཡིན་འདུག་ལ་མཇལ་མོལ་འདིའི་སྐབས་རྒྱ་ནག་གཞུང་གིས་ཉེ་ལམ་ཤར་རྒྱ་ནག་རྒྱ་མཚོའི་སྟེང་མཁའ་སྲུང་ཁྱབ་ཁོངས་གཏན་འབེབས་བྱས་པར་ཉི་ཧོང་དང་། ཀོ་རི་ཡ། དེ་བཞིན་ཨ་རི་བཅས་ཀྱིས་བློ་འཚབ་ཆེན་པོ་བྱེད་བཞིན་པའི་གནད་དོན་ཐོག་གྲོས་མོལ་གཙོ་བོ་གནང་རྒྱུ་ཡིན་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།