དོན་གྲུབ་དབང་ཆེན་གློད་བཀྲོལ་ཡོང་བའི་ཐུགས་སྨོན་སྐྱབས་འཇུག
2014.02.10
༧གོང་ས་མཆོག་གིས་ད་ལྟ་རྒྱ་ནག་གི་བཙོན་འོག་ན་ཡོད་པའི་དོན་གྲུབ་དབང་ཆེན་ལཊ་ཀྱི་བུ་ཕྲུག་བཞིར་དམིགས་བསལ་མཇལ་ཁ་བསྩལ་འདུག
དེ་ཡང་སྤྱི་ཟླ་གཉིས་པའི་ཚེས་༡༠ཉིན་དོན་གྲུབ་དབང་ཆེན་ལགས་ཀྱི་བུ་ཕྲུག་ལོ་༢༠ཡིན་པའི་བཀྲིས་ཚེ་རིང་དང་། ལོ་༡༨ལ་སོན་པའི་བསྟན་འཛིན་ནོར་བུ། ལོ་༡༦ཡིན་པའི་བསྟན་འཛིན་ཟླ་སྒྲོན། ལོ་༡༤ཡིན་པའི་ལྷ་མོ་སྒྲོལ་མ་བཅས་ལ་༧གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་ཐོབ་ཡོད་པ་དང་། སྐབས་དེར་བུ་ཕྲུག་ཁོང་ཚོས་རང་དབང་མཚོན་པའི་ཤོག་བྱ་གཉིས་བཟོས་ནས་༧གོང་ས་མཆོག་ལ་འབུལ་ཞོར་ཁོང་ཚོའི་ཕ་དོན་གྲུབ་དབང་ཆེན་ལགས་བཙོན་ཁང་ནས་གློད་བཀྲོལ་ཡོང་བའི་ཐུགས་སྨོན་སྐྱབས་མཇུག་ཞུས་ཡོད་པ་རེད།
༧གོང་ས་མཆོག་ནས་བུ་ཕྲུག་ཚོར་སློབ་སྦྱོང་ཧུར་ཐག་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་བསྩལ་བ་དང་འབྲེལ་མ་འོངས་པར་བྱ་བ་ལམ་འགྲོ་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་གནང་ཡོད་འདུག དོན་གྲུབ་དབང་ཆེན་ལགས་ཀྱིས་ཕྱི་ལོ་༢༠༠༨རྒྱ་ནག་ཏུ་རྒྱལ་སྤྱིའི་ཨོ་ལེམ་ཕེག་རྩེད་འགྲན་མ་འཚོགས་སྔོན་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་མི་ཚོའི་སེམས་ཚོར་མཚོན་པའི་དངོས་བྱུང་གློག་བརྙན་འཇིགས་བྲལ་ཞེས་པ་བཟོ་སྐྲུན་བྱས་པར་བརྟེན་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ཚེས་༢༦ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་དྲུག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། དོན་གྲུབ་དབང་ཆེན་ལགས་ཀྱི་བུ་ཕྲུག་རྣམས་དེང་སྐབས་བཞུགས་སྒར་རྡ་རམ་ས་ལར་ཡོད་པ་དང་། མི་རིང་བར་ཨ་རིའི་ནང་ཆབ་སྲིད་སྐྱབས་བཅོལ་ཞུས་ནས་ཡོད་པའི་ཁོང་ཚོའི་ཨ་མ་ལྷ་མོ་འཚོའི་སར་གཞིས་སྤོས་བྱེད་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ་འཆི་མེད།