མུ་མཐུད་འཚེ་མེད་ཞི་བར་བསྐྱོད་དགོས་ཀྱི་རེད་གསུངས།


2014.02.02
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ཤར་ཕྱོགས་ཨ་སམ་མངའ་སྡེའི་གུ་ཝ་ཧ་ཊིར་ཞབས་སོར་བདེ་བར་འཁོད་པ།
༸གོང་ས་མཆོག་གི་དྲ་གནས།

༧གོང་ས་མཆོག་གིས་བོད་མིའི་རང་དབང་འཐབ་རྩོད་དེ་མུ་མཐུད་འཚེ་མེད་ཞི་བའི་ལམ་གྱི་ཐོག་ལ་བསྐྱོད་དགོས་ཀྱི་རེད་ཅེས་བཀའ་གནང་འདུག
དེ་ཡང་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་༢ཉིན་རྒྱ་གར་ཤར་ཕྱོགས་ཨ་སམ་མངའ་སྡེའི་རྒྱལ་ས་གུ་ཝ་ཧ་ཊིར་བོད་དོན་ཐད་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་བ་དང་ལྷན་མཇལ་གནང་ཡོད་པ་དང་། ཁོང་རྣམ་པ་ཚོས་བོད་དོན་ཐད་ལ་རྒྱབ་སྐྱོར་འབད་བརྩོན་གནང་བར་རྗེས་སུ་ཡི་རང་ཡོད་ཅེས་གསུང་གནང་བ་དང་། དུས་མཉམ་དུ་བོད་མིའི་རང་དབང་འཐབ་རྩོད་དེ་མུ་མཐུད་དུ་འཚེ་མེད་ཞི་བའི་ལམ་གྱི་ཐོག་ལ་བསྐྱོད་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་ཨ་སམ་ནང་གི་ཉིན་རེའི་དྲ་རྒྱའི་གསར་ཤོག་གིས་གནས་ཚུལ་སྤེལ་འདུག སྐབས་དེར་༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྤེལ་རྒྱུ་ནི་གལ་ཆེན་པོ་རེད་ལ་ནང་པའི་ཐབས་ལམ་ཡང་རེད། ཐབས་ལམ་དེ་བརྒྱུད་ནས་དམིགས་ཡུལ་སྒྲུབ་རྒྱུ་གལ་ཆེན་པོ་རེད། གལ་ཏེ་ཐབས་ལམ་དེའམ་ལས་འགུལ་དེ་ལམ་ལྷོངས་མ་བྱུང་བ་ཡིན་ན། འཛམ་གླིང་གི་མི་མང་ཚོས་འཚེ་མེད་ཞི་བའམ་ནང་པའི་ཐབས་ལམ་དེར་གྲུབ་འབྲས་མ་སོན་པ་ལྟ་བུར་བསམ་ཚུལ་ཚོར་གྱི་རེད། རྒྱ་ནག་ནང་ལའང་ནང་པ་ཁྱོན་ཆེན་པོ་ཡོད་པའི་ཆ་ནས་འཚེ་མེད་ཞི་བ་དང་། ནང་ཆོས་ལ་བརྟེན་པའི་ཐབས་ལམ་བརྒྱུད་དེ་རྩ་དོན་ལ་རྒྱལ་ཁ་ལེན་རྒྱུ་གལ་གནད་ཆེན་པོ་རེད་ལ་དེ་ལྟར་ཡིན་པ་རྒྱ་ནག་གཞུང་གིས་མཁྱེན་དགོས་ཀྱི་རེད་ཅེས་དང༌། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་ནང་ཆོས་དང་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བཞིན་ཡོད་པ་རེད། བྱས་ཙང་ང་ཚོའི་ཕྱོགས་ནས་དེར་འཚེ་མེད་ཞི་བ་དང་ནང་ཆོས་གཞིར་བཟུང་བློ་སྟོབས་ལྡན་པའི་ངང་མུ་མཐུད་འགོག་རྒོལ་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག
མཛད་འཆར་གཞིར་བཟུང་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁུལ་དེའི་ནང་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཤིག་གི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་ཡོད་འདུག་པ་དང་། ཚོགས་འདུ་དེའི་ནང་ཧིན་རྡུ་དང་ཡེ་ཤུ ཁ་ཆེ། ནང་པ། ཇེན། སིཁ་སོགས་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་དང་མཁས་པ་ཁག་ཅིག་གི་གཙོས་མི་གྲངས་བདུན་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་ཡོད་འདུག སྐབས་དེར་༸གོང་ས་མཆོག་གིས། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་ཡོད་པའི་ཆོས་ལུགས་མཐུན་སྒྲིལ་དང་། བཟང་སྤྱོད་ཀྱི་གོམས་སྲོལ་བཟང་པོ་ཉམས་ཆགས་འགྲོ་ཡི་ཡོད་པ་དེ་དག་སླར་གསོ་ཡོང་ཐབས་བྱེད་དགོས་པ་དང་ལྷག་པར་དུ་དེང་སང་གཞོན་སྐྱེས་ཚོས་བཟང་སྤྱོད་དང་ཆོས་ཕྱོགས་ཀྱི་ལམ་སྲོལ་ལས་རྒྱུ་དངོས་པོར་དགའ་མོས་ཆེ་བ་བྱེད་ཀྱི་ཡོད་པ་དེ་ནི་ནོར་འཁྲུལ་ཡིན་ལུགས་གསུངས་འདུག  དེ་བཞིན་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་ཡོང་ཐབས་དང་། ཆོས་དང་མ་འབྲེལ་བའི་སློབ་གསོ་སྤྲོད་ཐབས་ཀྱི་ལས་རིམ་དེ་དག་སློབ་གྲྭའི་ནང་འགོ་འཛུགས་བྱེད་དགོས་རྒྱུའང་གལ་ཆེན་པོ་ཡིན་ལུགས་བཀའ་གནང་འདུག  ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཚང་མའི་ནང་བྱམས་པ་དང་བརྩེ་བའི་སློབ་གསོ་ཡོད་པ་ནང་བཞིན་ཆོས་པ་ཚོས་ཀྱང་དེ་ལྟར་དངོས་སུ་སོ་སོའི་ཉིན་རེའི་བྱ་གཞག་ནང་ལག་བསྟར་བྱེད་དགོས་པའི་སྐོིོར་གསུངས་ཡོད་འདུག ད་རིང་ཚེས་གཉིས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོགནས་བོད་ཀྱི་དུས་སྟོན་དབུ་འབྱེད་གནང་རྒྱུའི་མཛད་འཆར་ཡོད་འདུག།

གསར་འགོད་པ་འབེན་པ་སྟོབས་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎