༸གོང་ས་མཆོག་ནས་སུད་སིའི་ནང་ཆོས་འབྲེལ་དབུ་བཙུགས་གནང་ཡོད་པ།
2015.02.07

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། དེ་རིང་སྔ་དྲོ་སུད་སིའི་གྲོང་ཁྱེར་སྦེ་སེལ་རུ་གསར་འགོད་ལྷན་ཚོགས་དང་ཆོས་འབྲེལ་དབུ་བཙུགས་གནང་འདུག། སྔ་དྲོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དབུ་འཛུགས་མ་གནང་གོང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཞིང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་སྤྱི་ཚོགས་ནང་བདེ་སྐྱིད་དང་ཞི་བདེ་འབྱུང་རྒྱུར་དེང་དུས་ཀྱི་ཤེས་ཡོན་གཅིག་པུས་མི་འདེངས་པ་དང་། ངེས་པར་ཕྲུ་གུ་ཆུང་དུས་ནས་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་མིའི་གཞི་རྩའི་རིན་ཐང་བྱམས་པ་དང་ཕན་སེམས། གུས་བརྩི་སོགས་ཀྱི་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་ཐད་འབད་བརྩོན་བྱེད་དགོས་པའི་སྐོར་གནང་འདུག། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཀྱི་མིང་གི་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་འབྱུང་བཞིན་པ་དེ་དག་ནི་བྱམས་པ་དང་བརྩེ་བ། བཟོད་སྲན་སོགས་ལམ་སྟོན་གནང་མཁན་གྱི་ཆོས་ལུགས་ཆེ་ཁག་ཚང་མའི་བསླབ་བྱ་དང་ཡོངས་སུ་འགལ་བ་ཞིག་ཡིན་པ་སོགས་བཀའ་གནང་འདུག། གསར་འགོད་ལྷན་ཚོགས་གྲུབ་རྗེས་སུད་སི་དང་ལིཀ་ཏེནསི་ཐཡིན་བོད་རིགས་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་འགྲོའི་བཀའ་ཆོས་སྐབས་ཆོས་ཞུས་པ་ཙམ་མིན་པར་གང་ཞུས་པའི་ཆོས་དེ་རྒྱུས་ཐོག་ཏུ་ཉམས་ལེན་བྱེད་དགོས་སྐོར་ནན་བརྗོད་གནང་འདུག། ད་ལྟ་ཉིན་གུང་གི་ལྗགས་སྨིན་གྲུབ་སྟེ་དད་ལྡན་མང་ཚོགས་ལ་ཉིན་གུང་གི་ཆོས་མཐུན་སྐབས་བཀའ་གདམས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་བཞིན་ཡོད་པ་རེད། སྦ་སེལ་གྲོང་ཁྱེར་རུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཞུ་བར་བཅར་མཁན་མང་ཆེ་བ་སུད་ཛར་ལེན་ཌ་དང་ཇར་མན་ལ་སོགས་པ་ཡོ་རོབ་ཀྱི་ས་ཁུལ་འདྲ་མིན་ནས་ཡིན་འདུག་ཅིང་། གསུང་ཆོས་གནང་ཡུལ་གྱི་ཚོགས་ཁང་ཕྱི་རོལ་དུ་བོད་རིགས་སྟོང་ཕྲག་འགའ་ཤས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདིར་ཞབས་སོར་བཀའ་དྲིན་ཆེ་གནང་མཛད་པར་དགའ་བསུ་ཞུ་བཞིན་ཡོད་འདུག། གནས་ཚུལ་གོ་ཐོས་བྱུང་བར་ལྟར་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཡོ་རོབ་དང་ཨ་མི་རི་ཀའི་ས་གནས་ཁག་ཏུ་ཆིབས་བསྒྱུར་བསྐྱངས་སྐབས་དོལ་རྒྱལ་རྗེས་འབྲངས་པ་འདུ་འཛོམས་ཀྱི་སྐད་འབོད་བྱེད་བཞིན་ཡོད་པ་ལྟར་སྦ་སེལ་རུ་ཡང་མི་བརྒྱ་ཕྲག་འགའ་ཤས་ཤིག་སླེབས་འབྱོར་བྱུང་འདུག།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སུད་སི་ནང་གི་ཆོས་འབྲེལ་མཛད་འཆར་དང་། དེ་བཞིན་དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཏོན་པའི་༢༠༡༤ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དང་འབྲེལ་བའི་སྐོར། གཤམ་ལ་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ་གསན་རོགས༎
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།