མེ་རི་ལེནཌ་མཐོ་སློབ་ཏུ་བཀའ་སློབ་སྩལ་བ།
2013.05.07

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འདབས་སུ་ཆགས་པའི་མེ་རི་ལེནཌ་རུ་ཁ་སང་ཕྱི་ཟླ་ ༥ ཚེས་ ༦ ཉིན་ཞབས་སོར་བདེ་བར་འཁོད་གནང་མཛད་ཅིང་། དེ་རིང་གཟའ་མིག་དམར་གྱི་སྔ་དྲོ་ཕྱག་ཚོད་ ༡༠ པའི་ཐོག་ མེ་རི་ལེནཌ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་དགེ་ལས་སློབ་ཕྲུག་དང་མི་དམངས་ཁྱོན་བསྡོམས་ཆིག་ཁྲི་ལྔ་སྟོང་བརྒལ་བར་ཞི་བདེ་བསྐྲུན་ཐབས་དང་འབྲེལ་བའི་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་འདུག
མེ་རི་ལེནཌ་མངའ་སྡེའི་མཐོ་རིམ་སློབ་གྲྭ་ཆེན་མོ་ནས་ལོ་ལྟར་འཛམ་གླིང་ནང་གི་ཆེས་སྙན་གྲགས་ཆེ་བའི་མི་སྣ་གདན་ཞུས་ཀྱིས་སློབ་གྲྭ་དེའི་ Anwar Sadat ཞུ་བའི་ཞི་བདེའི་གསུང་བཤད་ཆེན་མོ་དེ་གནང་རྒྱུར་གདན་འདྲེན་ཞུ་སྲོལ་ཡོད་པ་ལྟར། འདི་ལོའི་གསུང་བཤད་སྩལ་མཁན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གསོལ་འདེབས་ཞུས་པ་ཞིག་ཡིན་པ་རེད།
ཕྱི་ཟླ་ ༥ ཚེས་ ༧ གྱི་ཉིན་བརྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་སློབ་གྲྭ་དེའི་ཏག་ཟིག་རིག་པའི་ཤེས་ཡོན་བསྟི་གནས་ཁང་ནས་གོ་སྒྲིག་ཞུས་པ་ལྟར་སུ་ཕི་ཁ་ཆེའི་ཆོས་ལུགས་དང་ནང་པའི་ཆོས་ལུགས་དབར་གྱི་བགྲོ་གླེང་ཞེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་གནང་རྒྱུའི་མཛད་འཆར་ཡོད་པ་རེད། ཕྱི་ཚེས་ ༨ ཉིན་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནུབ་བྱང་གྲོང་ཁྱེར་པོརཊ་ལེནཌ་རུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད། འདི་ག་རླུང་འཕྲིན་ཁང་གི་ཆེད་གཏོང་གསར་འགོད་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་ས་གནས་ནས་ངོ་སྤྲོད་གནང་བར་གསན་རོགས༎