བཤག་བཅོས་ཀྱི་འཕྲུལ་ལས་ལས་གཞིར་གཟིགས་ཞིབ་གནང་བ།
2017.06.18

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སེན་ཌིཡེགྷོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་ད་རེས་ཀྱི་མཛད་འཆར་ནང་གི་མཛད་རིམ་ཆེ་ཁག་བསྒྲུབས་རྗེས། ཕྱི་ཚེས་་༡༧ ཕྱེད་ཡོལ་སློབ་གྲྭ་ཆེན་མོའི་ Center for Future Surgery ཞེས་པའི་བཤག་བཅོས་བསྟི་གནས་ཁང་དུ་ཕེབས་ནས། མ་འོངས་པར་བཤག་བཅོས་ཀྱི་འཕྲུལ་འཁོར་གསར་པ་ཁག་་གི་བྱ་ལས་ཐད་ལ་གཟིགས་འབུལ་ཞུས་པར་༸གང་ཉིད་ནས་ཐུགས་ཞིབ་གཟིགས་སྐོར་དང་སྦྲགས། ༸གོང་ས་མཆོག་ནས་ཐུགས་དགྱེས་མཉེས་གནང་ཡོད་པའི་སྐོར་ལ་ཆིབས་སྒྱུར་གྲ་སྒྲིག་ཞུ་མཁན་མགོན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དགེ་རྩ་ཁང་གི་འགན་འཁུར་བ་སྤྱི་ཁྱབ་དྲུང་ཆེ་བླ་མ་བསྟན་འཛིན་དོན་ལྡན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང།
དེ་བཞིན་སློབ་གྲྭའི་ནང་དུ་སློབ་ཕྲུག་སྟོང་འཚོ་མང་པོའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཆེན་པོ་དེ་བསྒྲུབས་པའི་རྗེས་སུ། གཙུག་ལག་སློབ་གྲྭའི་འགན་འཛིན་དང་འགོ་ཁྲིད་རྣམ་པའི་ལྷན་དུ་༸གོང་ས་མཆོག་ལ་ཐུགས་རྗེ་ལེགས་སྐྱེས་ཀྱི་ཐོན་མཇལ་ལྟ་བུའི་ཚུལ་དུ་ཉིན་གུང་ལྗགས་སྨིན་གྱི་གསོལ་ཚིགས་རྒྱས་པོ་ཞིག་འདེགས་འབུལ་ཞུས་སོང།
མཛད་རིམ་ལྟར་ན། ༸གོང་ས་མཆོག་གིས་རེས་གཟའ་ཉི་མའི་ཉིན་སེན་ཌིཡེགྷོ་ནང་དུ་ཡོད་པའི་འཛམ་གླིང་གི་གཅན་གཟན་ཁང་ཆེ་ཤོས་དང་སྙིང་ཤོས་ཤིག་ལ་གཟིགས་སྐོར་གནང་གི་ཡོད་ཅིང། དེ་ནས་ཨ་རིའི་ནུབ་ཕྱོགས་ཀྱི་བོད་མི་རྣམས་ལ་མཇལ་ཁ་གནང་རྒྱུ་བཅས་ཀྱི་མཛད་རིམ་འདུག།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག