༸གོང་ས་མཆོག་རི་དྭགས་སྐྱེད་མོས་ཚལ་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་པ།
2016.03.06

༄༅༎ཕྱི་ཟླ་༣ཚེས་༥རེས་གཟའ་སྤེན་པའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མེ་ཡོ་སྨན་ཁང་ནས་Wisconson མངའ་སྡེའི་རྒྱལ་ས་Madisonགྱི་Deer Park འམ་རི་དྭགས་སྐྱེད་མོས་ཚལ་གྱི་ནང་པའི་ཆོས་ཚོིགས་ཀྱི་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་འཁོད་ཡོད་ཅིང་། བོད་རིགས་གཙོ་བོར་གྱུར་བའི་དད་ལྡན་པ་མི་གྲངས་༣༠༠ལྷག་གིས་ལག་ཏུ་མཇལ་དར་འཁྱེར་ཞིང་ བཀྲིས་ཞོལ་པ་འཁྲབ་སྟོན་དང་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་ནས་ཕེབས་བསུ་གྲ་རྒྱས་ཞུས་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མང་ཚོགས་ཁྲོད་ཐུགས་རྒྱུད་ཡོད་པའི་གྲོགས་པོ་རྙིང་པ་ཁག་ཅིག་མཇལ་བཅར་དུ་ཕེབས་ཡོད་པ་རྣམས་ལ་ཕྱག་དབང་སྩལ་གནང་བཞག Wisconson ས་གནས་བོད་རིགས་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱི་ཟླ་༣ཚེས་༨ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Madison Masonic Centerཞེས་པའི་ཚོགས་ཁང་ཆེན་མོའི་ནང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་མ་ཟད། ཕྱི་ཚེས་༩ཉིན་གོང་ས་མཆོག་གིས་རང་གཞན་རོགས་གསུམ་ལ་ཕན་པའི་ལྷག་བསམ་གྱི་ཀུན་སློང་རང་རྒྱུད་ལ་སྐྱེ་ཐབས་སྐོར་གྱི་ང་ཚོའི་སྐྲུན་རྒྱུའི་འཛམ་གླིང་། ཕྱི་ལོ་༢༠༣༠ལོའི་ནང་བདེ་ཐང་ཞེས་པའི་བརྗོད་གཞིའི་བགྲོ་གླེང་གི་དབུ་བཞུགས་མཛད་རྒྱུའི་མཛད་འཆར་ཡོད་འདུག བགྲོ་གླེང་གོ་སྒྲིག་གནང་མཁན་ནི་Wisconson གཙུག་ལག་སློབ་གྲ་ཆེན་མོའི་སེམས་ཁམས་བདེ་ཐང་གི་ལྟེ་གནས་ཁང་ཡིན་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་Mayo Clinic ཞེས་པའི་སྨན་ཁང་དུ་སྐུའི་འཕྲོད་བཞེས་ཀྱི་སྨན་བཅོས་གནང་སྟེ་ད་ཆ་སྐུ་ཁམས་གསལ་ཐང་ཐོག་ཉིན་ཤས་སྔོན་Minnesota མངའ་སྡེའི་ནང་གནས་སྡོད་གནང་མཁན་བོད་རིགས་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་རིགས་བཅས་ལ་ཆོས་འབྲེལ་དང་བཀའ་སློབ་ཟབ་མོ་བཀའ་དྲིན་བསྐྱངས་ཡོད་པ་རེད།།གསར་འགོད་པ་ཚེ་དབང་དངོས་གྲུབ།