༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༧ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ།
* གནས་ཚུལ་ཁ་སྣོན།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༧སྐུའི་ཞབས་པུས་ཀྱི་འཕྲོད་བཞེས་གནང་སླད་༧ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་ཕྱི་ཟླ་ ༦ ཚེས་ ༣ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱའི་ཐོག་གསལ་བསྒྲགས་སྤེལ་གནང་འདུག་ཅིང་། ཆིབས་སྒྱུར་གྱི་དུས་ཚེས་གསལ་ཁ་མི་འདུག རྣམ་ཀུན་བཞུགས་སྒར་རྡ་རམ་ས་ལར་༧སྐུ་བཞུགས་མཛད་སྐབས་རིང་གི་རྒྱུན་དུ་མང་ཚོགས་ལ་མཇལ་ཁ་སྩལ་རྒྱུ་ཐེ་བའི་མཛད་རིམ་ཁག་སྐྱོང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༦ ཚེས་ ༢༠ ནས་བཟུང་ཕྱིར་བཞུགས་སྒར་དུ་༧ཞབས་སོར་མ་འཁོད་བར་མཇལ་ཁ་སོགས་མཛད་འཆར་རིགས་ངང་འཐེན་གནང་དགོས་སོང་ཞེས་ཕེབས་འདུག
དེའི་ཐད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་སུ་འདྲི་རྩད་ཞུས་སྐབས། ཁོང་གིས་དོན་གཅོད་ལས་ཁུངས་ཀྱི་ངོས་ནས་འགན་གང་སྤྲད་ཡོད་པ་དེ་ཞུ་བཞིན་པ་ལས་གཞན་དམིགས་བསལ་གང་ཡང་ཞུ་རྒྱུ་མེད་པ་གསུངས་བྱུང་།
ཕྱི་ལོ་ ༢༠༡༧ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སེན་ཌི་ཡེ་གྷོ་ཁུལ་དུ་སློབ་ཕྲུག་གསུམ་ཁྲི་ཙམ་ལ་བཀའ་སློབ་སྩལ་པ་དང་། ཁུལ་དེའི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོས་དབུས་མཛད་རིམ་ཁག་གི་ཐོག་དབུ་ཞུགས་མཛད་པ་ནས་བཟུང་ད་རེས་ཨ་རིར་༧ཆིབས་སྒྱུར་གནང་རྒྱུ་འདི་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།།
ཡང་དྷ་ཨེཊ་ལེན་ཊིཀ་(The Atlantic)་གསར་ཁང་གིས་དེ་རིང་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་དབུས་གྲོས་ཚོགས་འཐུས་མི་ཁག་ཅིག་རིང་མིང་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུ་རྒྱུ་ཡིན་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིར་༧ཆིབས་སྒྱུར་གནང་རྒྱུའི་མཛད་རིམ་འདི་བཞིན་ཨ་རིའི་གྲོས་ཚོགས་འཐུས་མིའི་བཞུགས་སྒར་དུ་ཆེད་བཅར་ཞུས་པའི་རྗེས་སུ་འཁེལ་གྱི་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་ལགས་ཀྱི་ལས་ཁུངས་སུ་འདྲི་རྩད་བྱས་བར། གསར་འགོད་འབྲེལ་མཐུད་པ་(Aaron)་ལགས་ཀྱིསས་བདེ་འཇགས་སོགས་ཀྱི་རྐྱེན་ལྕམ་ནེན་སི་པེ་ལོ་སི་ལགས་ཀྱི་ཡོང་རྒྱུའི་ཕྱི་རྒྱལ་གྱི་འགྲུལ་བཞུད་ཐད་གསལ་བཤད་སོགས་གང་ཡང་ཞུ་རྒྱུ་མིན་པ་ཡིག་ཐོག་ལན་འདེབས་གནང་བྱུང་།
གསར་འགོད་པ། བཀྲིས་དབང་ཕྱུག ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།