ཨ་རིའི་མཛད་འཆར་ཁག་ལེགས་གྲུབ།
2013.05.22

༄༅༎ཕྱི་ཟླ་༥ཚེས་༢༡ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་
Louisville་ ནང་གི་མཛད་འཆར་ཉིན་མཐའ་མ་དེ་གནང་ཡོད་ཅིང༌།སྔ་དྲོ་ཕྱག་ཚོད་༩པར་ས་གནས་ཀྱི་ཁེན་ཊ་ཀི་སྒྱུ་རྩལ་ཚོགས་ཁང་ཆེན་མོའི་ནང་Vietnam གྱི་དད་ལྡན་མི་མང་བདུན་བརྒྱ་ཙམ་ལ་བཀའ་སློབ་སྩལ་གནང་མཛད་འདུག
༸གོང་ས་མཆོག་གིས་བཀའ་གནང་དོན།དེང་གི་འཇིག་རྟེན་འདི་ཕྱི་དངོས་པོའི་ཐོག་ནས་ཧ་ཅང་ཡར་རྒྱས་ཕྱིན་ཡོད་པ་དེ་ནི་ཧ་ཅང་དགོས་གལ་ཆེན་པོ་ཡིན་པ་སྨོས་མེད་རེད།ཡིན་ནའང་མཚམས་མཚམས་ལ་དངོས་པོའི་ཡར་རྒྱས་གཅིག་པུའི་ང་ཚོའི་མི་ཚེའི་ནང་ཞི་བདེ་ཡོང་ཐུབ་ཀྱི་མེད་པར་།འདོད་ཆགས་ཞེ་སྡང་དང་འགྲན་སེམས་ཇེ་ཆེར་འགྲོ་ཡི་ཡོད་པས་།སངས་རྒྱས་སྟོན་པའི་བསླབ་བྱ་ལས་ནང་སེམས་ཀྱི་ཞི་བདེ་སྐྲུན་ཕྱོགས་ཐད་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་འདུག།ཝེཏ་ནམ་གྱི་དགེ་འདུན་པ་དང་མི་མང་རྒན་གཞོན་ཚོས་༸གོང་ས་མཆོག་ལ་དགའ་གུས་ཆེན་པོ་ཞུས་འདུག དེའི་རྗེས་ཁེན་ཊ་ཀིའི་སན་ཆཌིར་གྱི་ཚོགས་ཁང་ཆེན་པོ་གཞན་ཞིག་གི་ནང་།ལུཡི་ཝིལ་ས་གནས་དེའི་འབྲིང་རིམ་དང་མཐོ་རིམ་སློབ་གྲྭ་བརྒྱ་ལྷག་ནས་འདམས་པའི་སློབ་མ་ཉིས་སྟོང་བཞི་བརྒྱ་ཙམ་ལ་བྱམས་དང་སྙིང་རྗེ་སྒོམ་ཕྱོགས་ཐད་བཀའ་སློབ་སྩལ་གནང་མཛད་རྗེས།སློབ་མ་ཚོས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་གནང་ཡོད་པའི་སྐོར་ང་ཚོའི་རླུང་འཕྲིན་ཁང་གི་ཆེད་གཉེར་གསར་འགོད་པ་ལྕགས་མོས་ཚོས་གནས་ཚུལ་འགྲེལ་བརྗོད་གནང་གི་འདུག།ཐེངས་འདིའི་༸གོང་ས་མཆོག་གི་ཆིབས་བསྒྱུར་གདན་ཞུ་གནང་མཁན་འབྲས་སྤུངས་སྒོ་མང་ཆོས་ཚོགས་གཙོས་བཀོད་སྒྲིག་ཚོགས་ཆུང་གིས་སློབ་མ་ཡོངས་ལ་ཁ་བཏགས་རེ་རེ་གནང་འདུག།