བོད་ཀྱི་ལོ་རྒྱུས་ནང་གི་དགེ་བཤེས་མ་ཐོག་མ་ཐོན་པ།


2016.12.22
༧གོང་ས་མཆོག་གིས་བོད་ཀྱི་ལོ་རྒྱུས་ནང་གི་ཐོག་མ་བཙུན་མ་ཉི་ཤུ་ཐམ་པར་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་གསོལ་སྩལ་གནང་བ། ༢༠༡༦།༡༢།༢༢ ༧གོང་ས་མཆོག་གིས་བོད་ཀྱི་ལོ་རྒྱུས་ནང་གི་ཐོག་མ་བཙུན་མ་ཉི་ཤུ་ཐམ་པར་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་གསོལ་སྩལ་གནང་བ། ༢༠༡༦།༡༢།༢༢
tibet.net

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ལོ་རྒྱུས་ནང་གི་ཐོག་མ་བཙུན་མ་ཉི་ཤུ་ཐམ་པར་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་གསོལ་སྩལ་གནང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༡༢་ཚེས་༢༢་ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ཚོགས་ཆེན་གྱི་འདུ་ཁང་དུ་ཚུགས་པའི་གཞུང་འབྲེལ་མཛད་སྒོ་དེའི་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་ནང་དགེ་སློང་མའི་སྡོམ་པ་སླར་གསོ་ཐུབ་མིན་ནི། དམ་ཆོས་འདུལ་བའི་ནང་གསུངས་པ་བཞིན་དགེ་འདུན་འདུས་པའི་ཐོག་ནས་ཐག་གཅོད་གནང་དགོས་པ་ཞིག་ཡིན་པ་ལས། ༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་སྒེར་གྱི་ངོས་ནས་ཐུགས་ཐག་བཅད་གནང་ཐུབ་ཐབས་མེད་པ་ཞིག་ཡིན་ཡང་། དགེ་བཤེས་མ་ཐོན་རྒྱུ་དང་། བཙུན་མ་ཚོའི་དགོན་པའི་ནང་གཞུང་ཆེན་གྱི་བསླབ་པ་སློབ་གཉེར་གསར་འཛུགས་གནང་རྒྱུ་དེ་༧གོང་ས་མཆོག་སྐུ་ཉིད་ནས་ཐག་གཅོད་གནང་ཐུབ་པ་ཞིག་ཡིན་པར་བརྟེན། དེ་ལྟར་ཐུགས་ཐག་བཅད་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདུ་ཚོགས་དེའི་ཐོག་དཔལ་ན་ལེནྜའི་མཁས་པའི་དབང་པོ་རྣམས་ཀྱི་བརྩམས་ཆོས་གཞུང་ལ་སློབ་གཉེར་གནང་སྟེ། ཞིབ་འཇུག་མཐིལ་ཕྱིན་པ་ཞིག་དགོས་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་བ་དང་། བཙུན་མ་ཚོས་ཀྱང་སློབ་གཉེར་བྱ་རྒྱུར་དོ་སྣང་བྱ་དགོས་པ་དང་། གདན་ས་དང་ཆོས་སྒར་འདྲ་མིན་ནང་དེ་སྔོན་ནས་ཚན་རིག་གི་སློབ་གཉེར་འགོ་འཛུགས་ཟིན་སྟེ་ཡོད་པ་བཞིན། བཙུན་མ་ཚོས་ཀྱང་དེ་ལྟར་བྱ་ཐུབ་རྒྱུར་འབད་བརྩོན་བྱ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་ཡོད་པ་རེད། རིམ་པས་ནང་པའི་ཡུལ་གྲུ་རྒྱ་ནག་དང་། སོག་ཡུལ། དེ་བཞིན་ཐེ་ལེནཌ་དང་སི་རི་ལངྐ་སོགས་གཙོ་བོའི་འདུལ་བའི་གཞུང་ཉམས་ལེན་གནང་མཁན་འཕགས་པ་གནས་རྟེན་སྡེ་བ་པ་རྣམས་དང་འབྲེལ་བ་ཆེ་རུ་འགྲོ་རྒྱུ་ངེས་པ་ཡིན་པས། རིམ་པས་ང་ཚོ་དང་ཁོང་རྣམ་པའི་དབར་ལེགས་སྦྱར་གྱི་གཞུང་ནས་གསུངས་པའི་སངས་རྒྱས་ཀྱི་གསུངས་ཁག་ལ་བགྲོ་གླེང་ཞུ་རྒྱུའི་གོ་སྐབས་ཡོང་གི་རེད་ལ། བོད་བརྒྱུད་ནང་བསྟན་ནང་གསུངས་པའི་སེམས་ཁམས་ཀྱི་སྐོར་དེ་དག་ཆོས་ཁས་མི་ལེན་གྱི་མི་ཚོར་ཡང་ཕན་ཐོག་བྱེད་པའི་དུས་ཚོད་ཞིག་ངེས་པར་ཡོང་གི་རེད་ཅེས་བཀའ་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཐོག་རྒྱ་གར་དང་བལ་ཡུལ་ནང་གི་བཙུན་མའི་དགོན་སྡེ་ཁག་གི་ནང་། ནང་པའི་གཞུང་ཆེན་བཀའ་དཔོད་ལྔར་འདས་པའི་ལོ་བཅུ་བདུན་ལྷག་རིང་སློབ་གཉེར་གནང་ཞིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་བཙུན་མའི་ལས་འཆར་བཅས་ནས་འདས་པའི་ལོ་མང་རིང་མཐུན་འགྱུར་གནང་པའི་འོག་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བཙུན་པའི་དགེ་བཤེས་མ་ཐོན་པའི་ལམ་ལུགས་འདི་གསར་དུ་བྱུང་བ་ཞིག་ཡིན་པ་རེད།
ཡང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས། བོད་ཀྱི་ལོ་རྒྱུས་ནང་སངས་རྒྱས་ཀྱི་བསྟན་པ་ཇི་ཙམ་དར་ཡང་དགེ་བཤེས་མ་ཞེས་པ་བྱུང་མྱོང་མེད་པ་དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན་པ་དེ་ངེས་པར་ཡིད་ལ་བཅངས་སྟེ་བཙུན་མ་རྣམས་ནས་མུ་འཐུད་བསླབ་པ་སློབ་གཉེར་ཐོག་འབད་བརྩོན་གནང་དགོས་པའི་བཀའ་སློབ་ཕེབས་ཤིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་ལགས་ཀྱིས་ཀྱང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བརླབ་ཆེན་གྱི་དགོངས་གཞི་དེ་གྲུབ་པའི་སླད་ཞོགས་འདེགས་གནང་མཁན་བཀའ་ཟུར་པདྨ་ཆོས་འབྱོར་ལགས་སོགས་མི་སྣ་ཁག་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
ཉིན་གུང་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་སྟེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཙུན་མའི་དགེ་བཤེས་མའི་ལས་འཆར་ཐད་སྔ་རྗེས་བར་གསུམ་དུ་ཕྱག་ལས་གནང་མཁན་དང་མཐུན་རྒྱུར་གནང་མཁན་གྱི་མི་སྣ་ཁག་དང་ལྷན་དུ་ཉིན་གུང་ལྗགས་སྨིན་ལྷན་བཞེས་གནང་པ་དང་། དེ་རྗེས་མོན་གྷོ་འདོད་རྒུ་གཞིས་ཆགས་ནང་གསར་བསྐྲུན་ཞུས་པའི་མི་དམངས་དཔེ་མཛོད་ཁང་གི་དབུ་འབྱེད་རབ་གནས་སྩལ་གནང་མཛད་རྗེས། མོན་གྷོ་གཏན་ཉིན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་སྟོན་གྱི་མཛད་སྒོའི་དབུ་མགོན་དུ་ཞབས་སོར་བཀྲིན་ཆེ་གནང་མཛད་ཡོད་པ་རེད།
ཕྱི་ཚེས་༢༣་སྟེ་བོད་ཟླ་བཅུ་པའི་ཚེས་༢༥་ཉིན་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་གྱི་ནང་རྗེ་རིན་པོ་ཆེའི་དགོངས་རྫོགས་ཀྱི་མཆོད་འབུལ་དགའ་ལྡན་ལྔ་མཆོད་ཀྱི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎