ཡ་རབས་བཟང་སྤྱོད་ཀྱིས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་ཐོགས།


2014.01.10
༧གོང་ས་མཆོག་གིས་བཟང་སྤྱོད་ཐད་རྒྱ་གར་བ་མང་པོར་བཀའ་སློབ་གནང་བཞིན་པ། ༧གོང་ས་མཆོག་གིས་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། པདྨ་དངོས་གྲུབ།

༧གོང་ས་མཆོག་གིས་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཀྱིས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོད་པ་གསུང་འདུག
གནས་ཚུལ་ལྟར་ན། ཕྱི་ཟླ་དང་པོའི་ཚེས་༩ ཉིན་༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་Nagpur དུ་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས། ས་གནས་དེར་ཆགས་པའི་Nagaloka ཞེས་པའི་ནང་པའི་ལྟི་གནས་ཁང་གི་སྟོན་པའི་སྐུ་བརྙན་ལ་གནས་གཟིགས་མཛད། སྐབས་དེར་གྲོང་ཁྱེར་Nagpur དུ་རྒྱ་གར་གྱི་རྩ་ཁྲིམས་ཟིན་བྲིས་གནང་མཁན་སྐུ་ཞབས་Ambedkar དམ་པ་དེའི་རྗེས་འཇུག་ནང་པ་གཙོས་པའི་ཁུལ་དེར་གནས་སྡོད་བྱེད་མཁན་རྒྱ་གར་གྱི་ནང་པ་རྣམས་ལ། འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན་པ་དང། མགོན་པོ་གང་ཉིད་ནས་འགྲོ་བ་མིའི་སྤྱི་ཚོགས་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་འབད་བརྩོན་གནང་བཞིན་ཡོད་པ་ལྟར། འགྲོ་བ་མི་རྣམས་ནས་ཀྱང་ཕན་ཚུན་བྱམས་བརྩེ་ལྡན་པའི་ཡ་རབས་བཟང་སྤྱོད་ཀྱི་འཚོ་བ་བསྐྱལ་རྒྱུའི་སློབ་གསོ་སྤྲོད་ཐུབ་པ་བྱུང་ཚེ་དེ་ཡིས་སྤྱི་ཚོགས་ནང་མགོ་སྐོར་བསླུ་ཁྲིད་དང། གཅིག་གིས་གཅིག་ལ་ཐུབ་ཚོད་གཏོང་བའི་བྱ་སྤྱོད་སོགས་ཡོང་མི་སྲིད་པ་ཞིག་ཡིན་པ་དང། འགྲོ་བ་མི་ཚང་མ་ནི་ཆུང་དུས་ཨ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བ་ཤ་སྟག་ཡིན་པ་ལྟར། ཕ་མས་སོ་སོའི་ཕྲུ་གུར་བྱམས་བརྩེས་སྐྱོང་བའི་ཉམས་མྱོང་དེ་འགྲོ་བ་མི་གཞན་ལ་སྟོན་ཐུབ་པ་བྱ་རྒྱུ་དེ་མགོན་པོ་གང་ཉིད་ཀྱིས་ད་བར་འཛམ་གླིང་ནང་ཆོས་ལུགས་དང་མ་འདྲེས་པའི་ཐོག་འགྲོ་བ་མིའི་གཤིས་རྒྱུད་དུ་བཟང་སྤྱོད་གོང་འཕེལ་གཏོང་ཐབས་གནང་བའི་དགོངས་གཞི་དེ་ཡིན་པ་མ་ཟད། བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་ཡིས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་ཅེས་བཀའ་སློབ་སྩལ་གནང་ཡོད་པ་རེད།


༧གོང་ས་མཆོག་གིས་རྒྱ་གར་གྱི་དད་ལྡན་མང་ཚོགས་ལ། ངོས་ཀྱིས་ནམ་རྒྱུན་བཤད་ཀྱིན་ཡོད་པ་ཇི་བཞིན་དུ། ཉི་ཧོང་དང་། རྒྱ་ནག སོག་པོ། བོད། འབར་མ། ཐེ་ལན་ཌི་སོགས་ཀྱི་ནང་པ་ཚོ་ངེས་པར་དུ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བ་ཞིག་བྱེད་དགོས་ལ། ལྷག་པར་དུ་ནང་ཆོས་ཤེས་པའི་ལམ་ནས་དད་པ་དང་ཡིད་ཆེས་བྱེད་དགོས་ཞེས་ཡང་ཡང་བཤད་མྱོང་ལ་དེ་རིང་ཡང་རེ་སྐུལ་བྱས་པ་ཡིན་ཞེས་དང་།
ཡང་སྐབས་དེར་རྒྱ་གར་བ་ཞིག་གིས་འདས་པའི་ལོ་ཟླའི་ནང་བོད་དོན་སེལ་ཐབས་སུ་གྲོས་མོལ་རབ་དང་རིམ་པ་བྱས་ཡོད་པ་དང་། བོད་དོན་སྤྱི་དང་བཙན་བྱོལ་བོད་མིའི་གནས་སྟངས་ལ་འགྱུར་བ་ཐེབས་ཡོད་མེད་ཐད་བཀའ་འདྲི་གནང་བར། དེའི་ལན་དུ་༧གོང་ས་མཆོག་གིས། བོད་མི་རྣམས་གཞིས་བྱེས་ཁ་གྱེས་ནས་ལོ་དྲུག་ཅུ་ཕྱིན་ཡོད་ཀྱང་། བོད་མིའི་སྙིང་སྟོབས་ཉམས་མེད་པ་མ་ཟད། བོད་མིའི་སེམས་ཐག་ཇེ་ཉེ་དང་། ཆོད་སེམས་ཇེ་བརྟན་རེད་ཅེས་གསུངས་པ་དང་ཆབས་ཅིག  འདས་པའི་ལོ་ངོ་སུམ་ཅུ་བཞི་ཅུའི་ནང་རྒྱ་ནག་ལ་གནམ་སའི་འགྱུར་ལྡོག་བྱུང་ཡོད་ལ། ད་ལྟའང་འགྱུར་ལྡོག་འགྲོ་མུས་སུ་ཡིན། དེའི་སྟབས་ཀྱིས། རྒྱ་ནག་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུར་ངོས་ལ་ཡིད་ཆེས་ཡོད་ཅེས་གསུངས་འདུག
དེ་མིན་ཡང་༧གོང་ས་མཆོག་གིས་གསར་འགོད་པར། ང་ཚོ་བོད་པའི་ད་ལྟའི་གནས་སྟངས་ཧ་ཅང་དཀའ་ཚེགས་ཆེ་བའི་འོག་ལྷག་ཡོད། ཡིན་ན་ཡང་། རྒྱ་ནག་མི་དམངས་ལ་ངོས་ཀྱིས་ནམ་ཡང་བརྩི་འཇོག་དང་ཡིད་སྨོན་བྱེད་ཀྱིན་ཡོད། རྒྱ་རིགས་རྣམས་ནི་ལས་ལ་བརྩོན་ཞིང་དངོས་ཡོད་ལ་དང་ལེན་བྱེད་མཁས་པའི་མི་རིགས་ཤིག་ཡིན་པས། ས་གང་ན་རྒྱ་རིགས་ཡོད་ན་དེ་ལ་འབྱོར་བ་ལྡན་ཞེས་དང་། གཞན་ཡང་༧གོང་ས་མཆོག་གིས་འཛམ་གླིང་སྟེང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་གྱིས་འཛམ་གླིང་ཞི་བདེ་ལ་བྱས་རྗེས་འཇོག་རྒྱུར་མི་མངོན་པའི་ནུས་པ་ཆེན་པོ་ཡོད་པའི་ཚུལ་གསུངས་རྒྱུར། རྒྱ་གར་རང་བཙན་ཐོབ་པ་ནས་བཟུང་། མི་འབོར་ཆེས་མང་པའི་དམངས་གཙོའི་རྒྱལ་ཁབ་འདི། ཁྱིམ་མཚེས་རྒྱལ་ཁབ་གཞན་དང་བསྡུར་ན་ཧ་ཅང་གིས་བདེ་འཇགས་ཡིན། བདེ་འཇགས་ལྡན་པའི་རྒྱུ་རྐྱེན་དེ་དམངས་གཙོ་ཡིན་པས་རེད། རྒྱ་གར་གྱི་དམངས་གཙོའི་ལམ་ལུགས་ལེགས་འགྲུབ་བྱུང་ཡོད། ལོ་ངོ་སྟོང་ཕྲག་བརྒལ་བའི་སྲོལ་རྒྱུན་ཡོད་པས། བསམ་ཚུལ་མི་མཐུན་པ་ཡོད་ཀྱང་ཕན་ཚུན་བར་གུས་བཀུར་དང་ཡིད་ཆེས་ཡོད། དེ་ནི་བདེ་ཐང་གི་མཚོན་རྟགས་ཤིག་རེད་ཅེས་གསུངས་འདུག
༧གོང་ས་མཆོག་གིས་བཀའ་སློབ་བསྩལ་གྲུབ་པའི་རྗེས། གྲོང་ཁྱེར་དེའི་ནང་དུ་ཆགས་པའི་དེ་སྔ་སྐུ་ཞབས་Amdedkar མཆོག་གིས་དབུ་ཁྲིད་དེ་ཕྱི་ལོ་༡༩༥༦ ལོའི་ཕྱི་ཟླ་བཅུ་པའི་ཚེས་༡༤ ཉིན་ཧིན་རྡུ་བ་མི་དམངས་འབུམ་ལྔ་ལྷག་ནང་པར་བསྒྱུར་བའི་བསྡོམས་པ་བཞེས་ཡུལ་གྱི་གནས་ཆེན་Diksha Bhumi ལ་གནས་གཟིགས་མཛད་ཡོད་པ་རེད། ཕྱི་ཚེས་༡༠ ཉིན་༧གོང་ས་མཆོག་གྲོང་ཁྱེར་Nagpur ནས་གྲོང་ཁྱེར་བྷན་ད་ར་ནང་དུ་ཆགས་པའི་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་མཛད་ཡོད།
གསར་འགོད་པ་ཉི་མ་དང་། སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎