༧གོང་ས་མཆོག་གྲོས་ཚོགས་གོང་འོག་གི་དབུ་ཁྲིད་དང་མཇལ་འཕྲད།
2014.03.06

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་འདུག
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཀ་ལི་ཕྷོར་ནི་ཡ་དང་མི་ནེ་སོ་ཊ་བཅས་ཀྱི་རླབས་ཆེན་གྱི་མཛད་འཆར་ཁག་ལེགས་གྲུབ་རྗེས་སླར་ཡང་རྒྱལ་ས་ཝ་ཤིང་ཊོན་དུ་ཁ་སང་ཕྱི་ ཟླ་༣ཚེས་༥ཉིན་ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང་། གཟའ་པ་སངས་བར་ཨ་རིའི་རྒྱལ་སའི་ནང་མཛད་འཕྲིན་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད། དེ་རིང་སྤྱི་ཚེས༦གཟའ་ཕུར་བུའི་སྔ་དྲོར་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་John Boehnerདང་། ཕྱོགས་འགལ་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་དབུ་འཁྲིད་ལྕམ་ནེན་སི་པེ་ལོ་སི་སོགས་དང་བཞུགས་མོལ་མཇལ་འཕྲད་གནང་ཡོད་པ་དང་། དེ་ནས་གྲོས་ཚོགས་ཀྱི་ལས་བྱེད་ཁག་ཅིག་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་འདུག ད་དུང་༧གོང་ས་མཆོག་གྲོས་ཚོགས་གོང་མའི་ནང་ཆིབས་བསྒྱུར་གྱིས་ཐོག་མར་གྲོས་ཚོགས་གོང་མའི་ཚོགས་དུས་འདིའི་དབུ་འབྱེད་ཀྱི་ཐུགས་སྨོན་གསོལ་འདེབས་སྩལ་གནང་ཡོད་པ་དང་། དེ་བཞིན་ཉིན་རྒྱབ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་དང་མཇལ་འཕྲད་དང་། གྲོས་ཚོགས་གོང་མའི་དབུ་འཁྲིད་སྐུ་ཞབས་Harry Reidམཆོག་དང་། ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་དབུ་འཁྲིད་སྐུ་ཞབས་Mich McConnellསོགས་གྲོས་ཚོགས་གོང་མའི་གནད་ཡོད་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།
དེ་བཞིན་ཕྱི་ཚེས་༧ཉིན་ཡེ་ཤུའི་ཆོས་ཁང་ཆེན་མོའི་ནང་ཆོས་ལུགས་ཀྱི་དྲྭ་ལས་བརྒལ་ཞིང་། འཇིག་རྟེན་ཀུན་ལ་ཁྱབ་པའི་བླང་དོར་གྱི་ཚུལ་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་ཡིན་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།