དུས་དབང་ཞུ་བར་མི་གྲངས་འབུམ་གཅིག་ལྷག་འབྱོར་འདུག


2014.07.02
༧གོང་ས་མཆོག་ལ་དྭགས་ཀླུ་འཁྱིལ་གྱི་གསུང་ཆོོས་ར་བར་ཞབས་སོར་འཁོད་སྐབས། ༢༠༡༤།༧།༡ ༧གོང་ས་མཆོག་ལ་དྭགས་ཀླུ་འཁྱིལ་གྱི་གསུང་ཆོོས་ར་བར་ཞབས་སོར་འཁོད་སྐབས། ༢༠༡༤།༧།༡
སྐུ་སྒེར་དྲ་བ

ལ་དྭགས་ཀྱི་དུས་དབང་མཇུག་བསྡོམས་ཀྱི་ཉིན་མོར་ཇམ་མོ་ཀཱ་ཤེ་མཱར་མངའ་སྡེ་བློན་ཆེན་དང་སྲིད་སྐྱོང་སོགས་ཕེབས་འཆར་ཡོད་པ་རེད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། སྤྱི་ཟླ༧ཚེས་༢་ཉིན་ལ་དྭགས་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་ཞི་བ་ཚལ་དུ་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང་། སྐབས་དེར་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་གཙོ་བོ་ལ་དྭགས་ནང་བའི་ཚོགས་པའི་ཚོགས་གཙོ་དོན་གྲུབ་ལགས་ནས་བརྗོད་དོན། ལ་དྭགས་མི་དམངས་སྤྱི་བས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སང་ཉིན་ཚེས་༣ཉིན་ནས་ལ་དྭགས་ཀྱི་དུས་འཁོར་དབང་ཆེན་དབུ་འཛུགས་གནང་གི་ཡོད་པ་དང་། ད་བར་རྒྱ་བལ་འབྲུག་གསུམ་དང་། བོད། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དུས་དབང་ཞུ་མཁན་ཆོས་ཞུ་བ་མི་གྲངས་འབུམ་གཅིག་ལྷག་ས་གནས་སུ་འབྱོར་ནས་ཐོ་འགོད་བྱས་ཚར་བ་དང་མུ་མཐུད་ཐོ་འགོད་བྱེད་བཞིན་པ་ཡིན་ཅེས་དང་། དུས་དབང་སྐབས་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་དང་། རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ། ས་སྐྱའི་གདོང་སྲས་སོགས་ཕེབས་བཞིན་པ་མ་ཟད། མཇུག་བསྡོམས་ཉིན་རྒྱ་གར་ཇམ་མོ་ཀཱ་ཤེ་མཱར་མངའ་སྡེ་བློན་ཆེན་དང་སྲིད་སྐྱོང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སོགས་ཕེབས་འཆར་ཡོད་པ་གསུངས་འདུག
ད་དུང་སྤྱི་ཚེས་༦ཉིན་ནི་༧གོང་ས་མཆོག་གི་འཁྲུངས་སྐར་ཡིན་པར་བརྟེན། ཞོགས་པ་སྔ་མོ་ནས་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་སྐབས་དེར་༧གོང་ས་མཆོག་གིས་མི་མང་ལ་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་དང་། ད་ཐེངས་དུས་འཁོར་བཀའ་དབང་སྩལ་རྒྱུའི་ཆོས་འབྲེལ་རྣམས་༧གོང་ས་མཆོག་གི་དྲ་རྒྱ་བརྒྱུད་ཐད་ཀར་རྒྱང་བསྲིང་ཞུ་བཞིན་ཡོད་པ་དང་། དེ་ཡང་ལ་དྭགས་དང། དབྱིན་སྐད། རྒྱ་སྐད། ར་ཤི་ཡ། Vietnam, རྒྱ་གར་སོགས་ཀྱི་སྐད་ཡིག་འདྲ་མིན་༡༣ནང་གསུང་བསྒྱུར་གནང་རྒྱུ་ཡིན་པ་རེད།
སྤྱིར་༧གོང་ས་མཆོག་གིས་ལ་དྭགས་དང་ཟངས་དཀར་ནང་དུས་འཁོར་དབང་ཆེན་གནང་བ་ཐེངས་གསུམ་པ་དང་། སྤྱི་ཡོངས་ནས་དུས་དབང་ཐེངས་༣༣པ་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎