ཨ་རིའི་རྒྱལ་སར་ཕེབས་འབྱོར།
2012.07.16
༄༅༎ཕྱི་ཟླ་༧ཚེས་༡༦རེས་གཟའ་ཟླ་བའི་ཉིན་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་ཨ་རིའི་རྒྱལ་སར་ཕེབས་འབྱོར་བྱུང་སོང༌།
དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་ཉིན་ཤས་གོང་རྒྱ་གར་བྱང་ཕྱོགས་ལ་དཱགས་ཀྱི་རྒྱལ་ས་གླེ་དང་། ལྷག་པར་དུ་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་ཆགས་པའི་བྱང་ཐང་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཅིག་ལའང་འཚམས་འདྲི་གཟིགས་བསྐོར་དང་མི་མང་ཚོར་མཇལ་འཕྲད་གནང་ཡོད་པ་རེད། དེ་ནས་ཚེས་བཅོ་ལྔ་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ཏུ་ཕེབས་འབྱོར་གྱིས་འདི་ཚེས་༡༦སྟེ་ རེས་གཟའ་ཟླ་བའི་ཉིན་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་རི་ལིའི་འབབ་ཚུགས་སུ་འདི་གའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་དང༌།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས། དེ་བཞིན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་སོགས་ནས་ཕེབས་བསུ་ཞུས་ཡོད་པ་རེད། བཀའ་བློན་ཁྲི་པ་མཆོག་གི་ལྷན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱང་ཕེབས་ཡོད་པ་རེད། སྐུ་ཚབ་དོན་གཅོད་མཆོག་ནས་བཀའ་ཁྲིའི་མཛད་འཆར་ངོ་སྤྲོད་གནང་བར་ལྟར་ན། ཉིན་བཞིའི་རིང་མཛད་འཆར་ཁོངས་སུ། ཨ་རིའི་སྲིད་འཛིན་ལས་ཁུངས་དང་། ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་དཔོན་རིགས་ཁག་ཅིག དེ་བཞིན་གྲོས་ཚོགས་འཐུས་མི་སོགས་འབྲེལ་ཡོད་མི་སྣ་ཁག ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག དེ་དང་ཕྱོགས་མཚུངས་རེས་གཟའ་ཕུར་བུའི་ཉིན་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོ་མཇལ་འཛོམས་ཀྱིས་གསུང་བཤད་དང་། བཅར་འདྲི་དང་ལན་གནང་རྒྱུ་གོ་སྐབས་ཀྱང་གནང་ཡོད་པ་རེད་ལ་བཀའ་བློན་ཁྲི་པ་མཆོག་ལ་ཕེབས་བསུའི་གསོལ་སྟོན་ཞིག་འབུལ་བཤམས་ཀྱིས་སྣེ་ལེན་ཞུ་རྒྱུའི་འཆར་གཞི་ཡོད་པ་རེད།།