བཀའ་ཟུར་ཨ་ལཌ་འཇིཌ་མེད།
2012.07.26
༄༅༎ཕྱི་ཟླ་༧ཚེས་༢༦རེས་གཟའ་ཕུར་བུའི་ཉིན་བཀའ་ཟུར་ཨ་ལཊ་འཇིཊ་མེད་རིན་པོ་ཆེ་མཆོག་ཡུན་རིང་སྙུང་གཞིའི་རྐྱེན་པས་ཀང་ར་རྫོང་བ་ལ་ཇི་སྨན་ཁང་དུ་སྐུ་གཤེགས་འདུག
མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༦ ཉིན་གནས་ཚུལ་སྤེལ་དོན།
དེ་རིང་སྟེ་ཕྱི་ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢:༡༥སྟེང་བཀའ་ཟུར་ཨ་ལག་འཇིག་མེད་ལྷུན་གྲུབ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པ་འདི་ནི་བོད་བསྟན་སྲིད་སྤྱི་དང། ཡང་སྒོས་མདོ་སྨད་ཆོལ་ཁར་ཤིན་ཏུ་ཕངས་པའི་ཡིད་སྐྱོའི་གནས་ཚུལ་ལ་སོང་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཡིད་གདུང་དྲག་པོ་བྱུང་ཞིང། བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་འགྲུབ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༣༨ ལོར་མདོ་སྨད་རེབ་གོང་རྒྱལ་བོ་དཔོན་ཚང་གི་སྲས་སུ་འཁྲུངས།
དགུང་ལོ་ ༧ སྟེང་རེབ་གོང་རོང་པོ་དགོན་ཆེན་གྱི་འཇིགས་མེད་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གྱིས་རོང་པོ་དགོན་ཆེན་དུ་ཕེབས་ཏེ་འབྲི་ཀློག་དང་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་གནང་བ་དང་། ཤར་སྐལ་ལྡན་རྒྱ་མཚོ་དང་འཇིགས་མེད་དམ་ཆོས་རྒྱ་མཚོ། དཔྱི་ས་བློ་གྲོས་རྒྱ་མཚོ་སོགས་བླ་མ་དགེ་བཤེས་མང་པོའི་མདུན་ནས་དབང་ལུང་གསན་གནང་མཛད་ཡོད། རོང་པོ་དགོན་ཆེན་གྱི་གྲྭ་ཚང་གསེར་ཁྲི་ལོ་གསུམ་རིང་བསྐྱངས། ༡༩༥༤ ལོར་ཡབ་ཡུམ་དང་མཉམ་ལྷ་སར་གནས་མཇལ་དུ་ཕེབས་ཞིང་། རྩེ་ཕོ་བྲང་དུ་༸གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་སྐབས་གདན་ས་གང་རུང་ཞིག་ཏུ་སློབ་གཉེར་གསན་བཞེས་གནང་ན་ལེགས་པོའི་བཀའ་སློབ་སྤྱི་ཕེབས་ལྟར། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བཞུགས་ནས་ཕར་ཕྱིན་དང་དབུ་མའི་གཞུང་ལ་སློབ་གཉེར་གནང་། ༡༩༥༩ ལོར་དགའ་ལྡན་དུ་༸གོང་ས་མཆོག་གིས་གྲྭ་སྐོར་དམ་བཅའི་མཛད་རིམ་བསྐྱངས་སྐབས། འཇིགས་མེད་རིན་པོ་ཆེས་༸གོང་ས་མཆོག་དགའ་ལྡན་ཚོགས་ཆེན་དུ་ཚོགས་ཕེབས་གདན་ཞུས་ཀྱིས་མཎྜལ་ལྗགས་བཤད་དང་སྦྲགས་༸གོང་ས་མཆོག་ལ་དབུལ་དངོས་དང་། དགའ་ལྡན་ཚོགས་ཆེན་དང་བྱང་རྩེ་གྲྭ་ཚང་བཅས་ལ་བསྙེན་བཀུར་རྒྱ་ཆེ་ཞུས་ཡོད།
༡༩༥༩ ལོའི་ཕྱི་ཟླ་ ༥ པའི་ནང་འབྲུག་བརྒྱུད་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་པ་དང་། དེ་ནས་སྦག་ས་ཆོས་སྒར་དུ་མུ་མཐུད་སློབ་གཉེར་གནང་ཞིང་། བྱང་རྩེ་གྲྭ་ཚང་དུ་དབུ་མ་གསར་བའི་དམ་བཅའ་ཡང་བཞག ༡༩༦༥ ལོའི་ལོ་མཇུག་ཏུ་སྐབས་གསུམ་པའི་མདོ་སྨད་སྤྱི་འཐུས་ལ་འོས་འདེམས་བྱུང་ཞིང་། སྐབས་དེར་བཀའ་ཤག་དང་༸གོང་ས་མཆོག་ལ་སློབ་གཉེར་འཕྲོ་སྐྱོང་ཆེད་སྤྱི་འཐུས་ལས་ཁུར་དགོངས་ཞུ་གནང་ཡང་བཀའ་འཕྲོད་མ་ཐོབ་པར་བརྟེན་སྤྱི་འཐུས་ཀྱི་ཕྱག་ལས་གནང་། དེ་ནས་རིམ་བཞིན་སྤྱི་འཐུས་སྐབས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་སྤྱི་འཐུས་སྐབས་བཞིའི་ལས་རྒྱུན་ལོ་ ༡༣ རིང་གནང་ཡོད། སྐབས་ལྔ་བའི་སྤྱི་འཐུས་ཀྱི་ཚོགས་གཙོ་གཞོན་པ་དང་འོས་བསྡུའི་ཚོགས་ཆུང་གི་ཚོགས་གཙོ་ཞོར་ལྕོག་གནང་བ་དང་། སྐབས་དྲུག་པའི་སྤྱི་འཐུས་ཚོགས་གཙོ་གནང་ཡོད། ༡༩༧༩ ལོ་ནས་ལོ་ ༦ རིང་རྩིས་ཞིབ་འགན་འཛིན་གནང་བ་དང་། ༡༩༨༥ ལོར་༸གོང་ས་མཆོག་གི་སྐུ་ཚབ་ཐེངས་བཞི་བ་བོད་དུ་བསྐྱོད་སྐབས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་མིང་ཐོག་ནས་ཕེབས། ༡༩༨༦ ལོར་ནང་སྲིད་བཀའ་བློན་ལས་རོགས་སུ་བསྐོ་བཞག་གིས་ཟླ་ཤས་རིང་ཕྱག་ལས་གནང་བ་དང་། དེ་ནས་བདེ་སྲུང་བཀའ་བློན་ལས་རོགས་སུ་བསྐོ་བཞག་གིས་ཟླ་ཤས་སོང་མཚམས་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་གིས་ལོ་ ༤ ཙམ་རིང་བདེ་སྲུང་བཀའ་བློན་གནང་། ལོ་དེར་ཀུན་གཟིགས་པཎ་ཆེན་རིན་པོ་བལ་ཡུལ་དུ་འཛམ་གླིང་ནང་པའི་ཆོས་ཚོགས་སུ་ཆིབས་བསྒྱུར་སྐབས་༸གོང་ས་མཆོག་སྐུ་ཚབ་གནང་སྟེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་དུ་ཕེབས། ༡༩༩༡ ལོར་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་བཞག་གིས་ལོ་ ༦ རིང་ཕྱག་ལས་གནང་། ༡༩༩༦ ལོར་བཅའ་ཁྲིམས་དགོངས་དོ་ལྟར་༸གོང་ས་མཆོག་གིས་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་དུ་ཐད་བསྐོས་གནང་བ་དང་། བཅའ་ཁྲིམས་དགོངས་དོན་བཞིན་༸གོང་ས་མཆོག་གི་མདུན་ནས་ལས་འཁུར་དམ་འབུལ་ཞུས་ཏེ་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་གྱི་ཕྱག་ལས་གནང་།
༡༩༩༩ ལོར་གཞིས་བྱེས་མང་ཚོགས་ཀྱི་ངོ་བོ་མཚོན་པའི་ཚོགས་ཆེན་གྱི་ཐོག་ནས་༸གོང་ས་མཆོག་ལ་བརྟན་བཞུགས་གསོལ་འདེབས་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་དགོངས་པ་རྫོགས་ནས་ལོ་ ༡༠ འཁོར་བའི་རྗེས་དྲན་མཛད་སྒོའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་འགན་བཞེས་ཏེ་མཛད་རིམ་དེའི་ཐོག་མཐའ་བར་གསུམ་གྱི་འགྲོ་གྲོན་རྣམས་ཀྱང་རིན་པོ་ཆེ་རང་ཉིད་ཀྱིས་ཐབས་ཤེས་བཅས་གནང་ཡོད་འདུག དེ་ལྟར་བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་སྤྱིའི་བསྟན་པ་ཆབ་སྲིད་ཐོག་ལྷག་བསམ་ཡོད་ཚད་ཀྱིས་ཕྱག་ལས་གནང་ཡོད་པ་དང་། བྱེ་བྲག་ཏུ་མདོ་སྨད་ཆོལ་ཁའི་ལས་དོན་ཆེ་ཕྲ་ཡོངས་ལ་ཐུགས་ཁུར་ཆེ་བཞེས་ཀྱི་འགན་ལེན་གནང་མུས་ཡོད་པ་སྟེ། གོང་དུ་མདོ་སྨད་ཆོལ་ཁའི་སྤྱི་འཐུས་ཀྱི་ཐུགས་འགན་གནང་བ་སོགས་སོང་ཟིན་པ་ལྟར་དང་། དེ་བཞིན་དུ་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གི་འགན་འཛིན་དང་སློབ་སྟོན་པའི་མཚན་གནས་ཐོག་དོལ་རྒྱལ་དགག་ལན་གཡའ་སེལ་མེ་ལུང་དང་། ས་བྱི་ཞི་རྒོལ་ཆེན་མོ། ལྕགས་ཡོས་བཙམ་རྒོལ་མེ་ལྕེ་སོགས་ཀྱི་རྩོམ་སྒྲིག་པའི་འགན་འཁུར་གནང་ཡོད་པ་དང་། མདོ་སྨད་ཛ་དྲག་ཉམས་ཐག་མ་དངུལ་ཚོགས་ཆུང་གི་རྒྱུན་ལས་དང་། མདོ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སློབ་སྟོན་པ་སོགས་ཀྱི་ཐུགས་འགན་གཞེས་མོས་སུ། དེ་རིང་ཕྱི་ཚེས ༢༦ ཉིན་དམ་པ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་བསྟན་པ་འདིས་བོད་སྤྱིའི་བསྟན་སྲིད་དང་། ཁྱད་པར་མདོ་སྨད་ཆོལ་ཁར་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན། དེར་བརྟེན་ཞིང་གཤེགས་དམ་པའི་བླ་བྲང་དང། འབྲེལ་ཡོད་དགོན་སྡེ་ཁག སློབ་མ། ལས་སྣེ་སྐུ་འཁོར་བཅས་ལ་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཡིད་གདུང་དྲག་པོས་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང། མགོན་པོ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ།