གཅོད་པ་ལགས་ཀྱིས་རང་ལུས་མེར་བསྲེགས་འདུག
རྔ་བ་རྫོང་རྨེའུ་རུ་མར་གཅོད་པ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་ཡོད་པའི་གནས་ཚུལ།
༄༅༎ཕྱི་ཟླ་༨ཚེས་༡༠རེས་གཟའ་པ་སངས་ཉིན་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མར་བོད་རིགས་ན་གཞོན་གཅོད་པ་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༡བཏང་བའི་གནས་ཚུལས྄
༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༠ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང་ཐོག་ནས་རང་ལུས་མེར་སྲེག་གིས་ངོ་རྒོལ་སྐད་འབོད་གནང་མཁན་གཅོད་པ་ལགས་ཉིན་དེའི་ཕྱི་དྲོའི་དུས་ཚོད་ ༣ ཡོལ་ཙམ་ལ་འབར་ཁམས་སུ་སླེབས་ལ་ཉེ་བའི་ལམ་བར་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། སྐུ་ཕུང་འབར་ཁམས་ནས་རྒྱ་གཞུང་གིས་མེར་སྲེག་བཏང་སྟེ་ནང་མིར་རུས་ཐལ་ཞིག་མ་གཏོགས་སྤྲད་མེད། ཁོང་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་སྟེ་དཔྱིད་གསར་དུས་ཆེན་སྐབས་རྔ་པ་རྨེའུ་རུ་མའི་ནང་ནས་བོད་མི་བརྒྱ་ཕྲག་བརྒལ་བས་མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་བྱས་སྐབས་ཀྱི་སྣེ་ཁྲིད་པའི་གྲས་ཡིན་ཞིང་། དེ་རྗེས་རྒྱ་གཞུང་གི་ཉེན་རྟོག་མི་སྣས་བརྩད་གཅོད་ཐེངས་འགར་བྱས་ཀྱང་ལག་སོན་མ་བྱུང་སྟབས། བྲོས་བྱོལ་བྱས་ཡོད་འདུག ཁོང་ཆུང་ཆུང་སྐབས་རྨེའུ་རུ་མའི་སློབ་ཆུང་ལ་འགྲོ་མྱོང་ཡོད་ཅིང་། ཤུལ་དུ་ཕ་མ་གཉིས་དང་མིང་སྲིང་བཞི་བཅས་ནང་མི་དྲུག་ཡོད་འདུག