སྲིད་འཛིན་ཤི་ཅིན་ཕུན་གྱིས་༧གོང་ས་མཆོག་དང་གསོལ་ཇ་ལྷན་བཞེས་གནོངས་ཞེས་པའི་ལས་འགུལ་སྤེལ་འགོ་བརྩམས་འདུག
དེ་ཡང་ཕྱི་ཟླ་ ༡ ཚེས་ ༡༦ཉིན་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་ཀོ་ལོམ་བི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་རོ་སྦརཌ་ཐར་མན་གྱིས། ཨ་ཝཱཛའམ་འབོད་སྒྲ་ཞེས་པའི་དྲ་རྒྱ་བརྒྱུད་དངོས་སུ་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་ཤི་ཅིན་ཕུན་གྱིས་༧གོང་ས་མཆོག་དང་གསོལ་ཇ་ལྷན་བཞེས་གནོངས་ཞེས་དྲ་རྒྱའི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་དྲ་རྒྱའི་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱུང་སྟེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་དབར་ཐད་ཀར་མཇལ་འཕྲད་འབྱུང་རེ་ཡིན་ཞིང་། སྐུ་ཞབས་རོ་སྦརཌ་ཐར་མོན་གྱིས་གལ་ཏེ་མཇལ་འཕྲད་དེ་འདྲ་ཞིག་འབྱུང་ཚེ་དེས་འདས་པའི་སྲིད་བྱུས་ནོར་པ་ལས་བྱུང་བའི་ཞེ་འཁོན་དང་དྲག་གནོན་གྱི་རྣམ་པ་མཚམས་མི་ཆད་པ་འབྱུང་བཞིན་པ་དེ་དག་འགོག་ཐུབ་རྒྱུ་མ་ཟད། འདི་ལྟ་བུའི་མཇལ་འཕྲད་འདིས་རྒྱ་མི་རིགས་དང་། བོད་རིགས་དེ་མིན་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁྱོན་ཡོངས་ལ་ཕན་ཐོག་འབྱུང་ངེས་པ་ཞིག་རེད་ཅེས་གསུངས་འདུག
ད་དུང་སྐུ་ཞབས་རོ་སྦརཌ་ཐར་མོན་གྱིས་ཨ་ཝཱཛ་དྲ་རྒྱའི་ཐོག་སྤེལ་བའི་རྒྱ་ནག་གི་སྲིད་འཛིན་ལ་འབོད་སྐུལ་གནང་པའི་ཚིག་བརྗོད་ཀྱི་ནང་། གལ་ཏེ་སྙིང་ཉེ་བའི་མཇལ་འཕྲད་ཅིག་འབྱུང་ཚེ། ཁྱེད་སྐུ་སྒེར་དང་། རྒྱ་ནག་གི་སྤྱི་ཚོགས་འཆམ་མཐུན། རྒྱ་ནག་དང་ཨེ་ཤི་ཡའི་འབྲེལ་ལམ་དང་། རྒྱ་ནག་དང་རྒྱལ་སྤྱིའི་འབྲེལ་ལམ། རང་བྱུང་ཁོར་ཡུག་གི་གནས་བབ་སོགས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་འབྱུང་རྒྱུ་མ་ཟད། ང་ཚོ་ལྟ་བུ་ཁྱེད་ནི་རྒྱ་ནག་རྒྱལ་ནང་དང་རྒྱ་ནག་དང་གོ་ལའི་སྤྱི་ཚོགས་དབར་འཆམ་མཐུན་བསྐྲུན་མཁན་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱ་ནག་གི་སྲིད་འཛིན་ཆེན་པོ་ལྔ་པ་ཞིག་ཡོང་རྒྱུར་རེ་བ་བྱེད་མཁན་ས་ཡ་མང་པོ་ཡོད་པ་དེ་ཀུན་གྱི་བསམ་དོན་ཡང་འགྲུབ་པ་ཡོང་རྒྱུ་ཡིན་པ་གསུངས་འདུག
ཨ་ཝཱཛ་དྲ་རྒྱའི་ཐོག་ལས་འགུལ་འདི་ཐོག་མར་སྤེལ་སྐབས་དང་ཐོག་མི་ཉིས་སྟོང་ཙམ་གྱི་རྒྱབ་སྐྱོར་ཐོབ་རྒྱུའི་རེ་བ་བྱས་འདུག་ཅིང་། དེ་རིང་བར་རྒྱ་ནག་གི་སྲིད་འཛིན་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབར་གསོལ་ཇ་ལྷན་བཞེས་ཡོང་རྒྱུར་རྒྱ་ནག་གི་སྲིད་འཛིན་ལ་གཏོང་རྒྱུའི་ཞུ་ཡིག་དེའི་ཐོག་འཛམ་གླིང་ས་ཕྱོགས་གང་ས་ནས་མི་ཆིག་སྟོང་བདུན་བརྒྱ་དྲུག་བཅུ་ལྷག་གིས་མིང་རྟགས་བཀོད་ཟིན་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།
༧གོང་ས་མཆོག་དང་གསོལ་ཇ་ལྷན་བཞེས་ཞེས་བའི་ལས་འགུལ།
