གྲུབ་དབང་པད་ནོར་སྐུ་ཐོག་བཅུ་གཅིག་པའི་ཡང་སྲིད་ཁྲི་འདོན་གནང་རྒྱུ།

སྔ་བསྒྱུར་རྙིང་མའི་བླ་ཆེན་གྲུབ་དབང་པད་ནོར་སྐུ་ཐོག་བཅིུག་པའི་ཡང་སྲིད་རིན་པོ་ཆེའི་ཁྲི་འདོན་བོད་དཔལ་ཡུལ་མ་དགོན་དུ་གནང་གཏན་འཁེལ་ཡོད་པ།

སྔ་བསྒྱུར་རྙིང་མའི་བླ་ཆེན་གྲུབ་དབང་པད་ནོར་སྐུ་ཐོག་བཅུ་གཅིག་པ་མཆོག་དང་ཡང་སྲིད་ཁྱེའུ་པདྨ་རྡོ་རྗེ་རིན་པོ་ཆེ་མཆོག་གི་སྐུ་པར། རྣམ་གྲོལ་གླིང༌།

༄༅༎སྔ་བསྒྱུར་རྙིང་མའི་བླ་ཆེན་གྲུབ་དབང་པད་ནོར་སྐུ་ཐོག་བཅིུག་པའི་ཡང་སྲིད་རིན་པོ་ཆེའི་ཁྲི་འདོན་ཆོས་འཁོར་དུས་ཆེན་ནམ་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་བོད་དཔལ་ཡུལ་མ་དགོན་བྱང་ཆུབ་ཆོས་གླིང་དུ་གནང་གཏན་འཁེལ་ཡོད་འདུག།
རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པའི་དྲུང་ཡིན་མཁན་པོ་ངག་དབང་རྡོ་རྗེ་ལགས་ཀྱིས་འགྲེལ་བརྗོད་གནང་པར་ལྟར་ན། གྲུབ་དབང་པད་ནོར་རིན་པོ་ཆེའི་ཡང་སྲིད་ཁྱེའུ་པདྨ་རྡོ་རྗེ་རིན་པོ་ཆེ་མཆོག་བོད་དུ་འཁྲུངས་ཤིང་།  ཕྱི་ཟླ་ ༦ ཚེས་ ༢༨ ཉིན་སྡེ་སྒེ་དཔལ་ཡུལ་མ་དགོན་དུ་གདན་འདྲེན་ཞུ་འཆར་དང་། བོད་ཟླ་དྲུག་པའི་ཚེས་ ༤ སྟེ་ཆོས་འཁོར་དུས་ཆེན་ཉིན་ཁྲི་འདོན་གྱི་མཛད་སྒོ་དངོས་སུ་ཚུགས་རྒྱུ་ཡིན་འདུག་ལ།  ཡང་ཁྲི་འདོན་གྱི་མཛད་སྒོ་ཉིན་གསུམ་རིང་ཚུགས་རྒྱུ་དེའི་སྐབས་ཆུང་སྲིད་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་པའི་ཞབས་རིམ་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་འཆར་ཡང་ཡོད་འདུག།
རྒྱ་གར་ལྷོ་ཕྱོགས་སྦེལ་ལེ་ཀོ་པིར་ཡོད་པའི་བྱེས་རྣམ་གྲོལ་གླིང་གདན་སའི་ནང་དུ་ཡང་གྲུབ་དབང་པད་ནོར་རིན་པོ་ཆེའི་ཡང་སྲིད་ཀྱི་ཁྲི་འདོན་དང་སྐུ་ཚེར་བགེགས་བར་མི་ཡོང་བའི་ཆེད་དུ་དམིགས་ཏེ་ཞབས་རིམ་སྨིན་གྲུབ་ཞུ་རྒྱུ་ཡིན་འདུག།  གྲུབ་དབང་པད་ནོར་རིན་པོ་ཆེ་སྐུ་གོང་མ་ཕྱི་ལོ་ ༢༠༠༩ ལོ་སྟེ་དགུང་གྲངས་ ༧༧ ལ་ཕེབས་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་དང་། ད་ལྟའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་བོད་དབུས་ཕྱོགས་དྭགས་པོའི་ཁུལ་སྐུ་འཁྲུངས་པ་ཞིག་ཡིན་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

འབྲེལ་ཡོད་གནས་ཚུལ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བར་གསན་རོགས༎

 

གསར་འགོད་པ་པདྨ་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org