ཆིག་སྒྲིལ་ཟས་བཅད་ངོ་རྒོལ།
2011.05.15

༄༅༎ཕྱི་ཟླ་༥ཚེས་༡༥རེས་གཟའ་ཉི་མའི་ཉིན་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་དང་།ས་གནས་བོད་མི་རྣམས་ལ་རྒྱ་ནག་གཞུང་གི་དྲག་གནོན་བྱས་དང་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པ་དང༌།ཉེ་ཆར་དགེ་འདུན་པ་༣༠༠ཙམ་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་ཕྲལ་དུ་གློད་བཀྲོལ་དགོས་པའི་ཆད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དུས་བཀག་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་དེ་རིང་ཉིན་གྲངས་༢༠ཕྱིན་པ་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་དུ་འཛམ་གླིང་གི་ས་ཕྱོགས་གང་སར་བོད་རྣམས་ནས་ཟས་བཅད་ངོ་རྒོལ་སྤེལ་བཞིན་ཡོད་པའི་གནས་ཚུལ། ཐེངས་འདིའི་རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་དུ་རྒྱ་ནག་གཞུང་གིས་བོད་ཤར་ཕྱོགས་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཙོས་པའི་བོད་མི་ཚོར་གདུག་རྩུབ་དྲག་གནོན་ལ་ངོ་རྒོལ་དང་དཀའ་ངལ་ནང་ཚུད་པའི་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་ཆེད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དུས་བཀག་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་དང་འབྲེལ་ཡོད་གནས་ཚུལ་སྐོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་དང༌།བོད་རང་བཙན་ཆེད་ཀྱི་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་གཉིས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས༎