ཉེ་ལམ་ཕྱི་ཟླ་༨་ཚེས་༢༢་ནས་ཕྱི་ཟླ་༨་ཟླ་མཇུག་བར་རྒྱ་ནག་ཉེན་རྟོག་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་། རྫ་ཆུ་ཁ་རྫ་སྨད་དབོན་པོ་དགོན་གྲོང་གཉིས་སུ་སྔ་ཕྱིར་བོད་མི་སེར་སྐྱ་༡༢༡འཛིན་བཟུང་བཙན་ཁྲིད་ཀྱིས་ད་བར་བཀག་ཉར་འོག་བཞག་ཡོད་པ་ལྟར། ད་ལྟའི་ཆར་ཉིན་གྲངས་༢༠ལྷག་འགྲོ་བཞིན་ཡོད་ཀྱང་དེ་སྔ་བོད་མི་༤ཀློད་གྲོལ་བཏང་བ་ལས། གཞན་བོད་མི་གཅིག་ཀྱང་ད་བར་ཀློད་གྲོལ་བཏང་མེད་པ་མ་ཟད། འཛིན་བཟུང་བཀག་ཉར་འོག་ཡོད་མཁན་ཚོར་ཟ་མ་དང་གྱོན་ཆས་ཡག་པོ་མི་སྤྲོད་པར། ཉིན་ལྟར་འདྲི་རྩད་དང་སློབ་གསོ་ཟེར་བ་ཞིག་སྤྲོད་བཞིན་ཡོད་ཁར། དེ་དག་གི་ཁྲོད་ནས་ཕྱི་ཕྱོགས་ཀྱི་སྤུན་མཆེད་ལ་འབྲེལ་བ་བྱས་སྐོར་བརྗོད་ནས་འཛིན་བཟུང་བྱས་པའི་བུ་མོ་སྐར་སྒྲོན་ཞེས་པ་ཞིག་ལ་ནད་གཞི་ལྕི་མོ་ཞིག་ཕོག་ཡོད་ཀྱང་། སྨན་ཁང་དུ་བསྟེན་གཏུགས་ཆེད་ཉེན་རྟོག་པས་ཡིག་ཆ་མ་སྤྲད་པར་བརྟེན་སྨན་ཁང་དུ་འགྲོ་མ་ཐུབ་པ་དང། ཉེན་རྟོག་པ་དང་འབྲེལ་ཡོད་སྨན་པ་ཁ་མཐུན་གྱིས་སྨན་པ་བསྟེན་པར་གཏོང་གི་མེད་སྐོར་བཙན་བྱོལ་ནང་ཡོད་པའི་མིང་འབོད་བྱེད་འདོད་མེད་མཁན་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། འཛིན་བཟུང་བཀག་སྐྱིལ་འོག་ཡོད་མཁན་ཚོའི་ཁྲོད་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་དང་། བོད་མི་ཕན་ཚུན་བར་ཐེངས་འདིར་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྐོར་ལ་གླེང་སློང་བྱེད་མཁན་རིགས་ལ་དམིགས་བསལ་ཞིབ་བཤེར་དང་འདྲི་རྩད།གཅར་བརྡུང་སོགས་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། ཁོ་ཚོའི་ཁ་པར་ཚང་མ་བཙན་འཕྲོག་བྱས་ཡོད་པ་དང་། ས་ཁུལ་དེའི་ནང་བོད་མི་ཚོར་སྔར་བཞིན་གང་བྱུང་ཞིབ་བཤེར་དང་འདྲི་རྩད། དམག་མི་འགྲེམས་འཇོག་སོགས་མུ་མཐུད་བྱེད་བཞིན་པ་ལས་འགྱུར་བ་གང་ཡང་སོང་མེད་སྐོར་བརྗོད་བྱུང་།
ཡང་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་མིང་འབོད་འདོད་མེད་པའི་བོད་མི་གཞན་ཞིག་གིས། ཉེ་ལམ་འཛིན་བཟུང་བྱས་པའི་ཁྲོད་བོད་མི་༤ཀློད་གྲོལ་བཏང་རྗེས་བོད་མི་གཞན་༡༧་ཀློད་གྲོལ་གཏོང་རྒྱུའི་རེ་བ་ལྟ་བུ་ཡོད་ན་ཡང་། རྗེས་སུ་ཡུལ་ཕྱོགས་དེའི་ནང་འཛིན་བཟུང་བྱས་ཡོད་པའི་སྐོར་གླེང་སློང་མང་པོ་བྱུང་ཡོད་པར་བརྟེན། ད་བར་གཅིག་ཀྱང་ཀློད་གྲོལ་བཏང་མེད་པ་དང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་འཛིན་བཟུང་བཀག་སྐྱིལ་འོག་ཡོད་པའི་བོད་མི་དག་གི་ཁྲོད་ནས་ཤེས་རྟོགས་བྱུང་བ་གྲྭ་བསོད་པ། བློ་བཟང་ཆོས་འཛིན། པན་རྡོ། དཔལ་སྐྱབས། དེ་བཞིན་མི་སྐྱ་ཚངས་པ་དང་བུ་མོ་ཆོས་ལྷ་མོ། སྐར་སྒྲོན་བཅས་ཡོད་པ་དང་། གྲྭ་བ་མང་ཆེ་བར་༧གོང་ས་མཆོག་གི་སྐུ་པར་ཉར་བའི་ཉེས་མིང་གཡོག་ཡོད་ན་ཡང་། རྗེས་སུ་ཕྱི་ཟླ་༨་ནང་འཛིན་བཟུང་བྱས་ཡོད་པ་མང་པོ་ཞིག་ལ་སྐད་ཡིག་ཐོབ་ཐང་ཐད་སྐད་ཆ་བཤད་པའི་ཉེས་མིང་གཡོག་ཡོད་པ་མ་ཟད། ཡུལ་དེའི་བོད་སྐད་ཡིག་སྲུང་སྐྱོབ་ཚོགས་པའི་འགན་འཁུར་མཁན་གཙོ་གྲས་དགེ་རྒན་ཞིག་ཀྱང་འཛིན་བཟུང་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ཉེན་རྟོག་པ་ཆེད་གཏོང་གིས་སྔ་ཕྱིར་རྫ་དབོན་པོ་ཁུལ་དུ་གང་བྱུང་ཞིབ་བཤེར་བྱས་ཏེ། བོད་མི་ཚོས་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་སྐོར་དང་། ཁ་པར་ཁག་ནང་ཞིབ་བཤེར་གྱིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་ནས་གང་བྱུང་སྐད་ཆ་བཤད་སྐོར་བརྗོད་ནས་འཛིན་བཟུང་བྱས་ཡོད་པ་དང་། ཉེ་ཆར་སྔ་རྗེས་སུ་བོད་མི་སེར་སྐྱ་མི་མང་༡༢༡འཛིན་བཟུང་བྱས་པའི་ཁྲོད། བོད་མི་སྐྱ་བོ་༢་གཉིས་དང་བུད་མེད་གཅིག་དང་དགེ་འདུན་པ་གཅིག་བཅས་ཁྱོན་བོད་མི་སྐྱ་སེར་བཞི་གློད་གྲོལ་བཏང་ཡོད་པ་ལས། གཞན་བོད་མི་སྐྱ་སེར་༡༡༧་སེར་ཤུལ་རྫོང་ཐོག་ཏུ་མུ་མཐུད་བཀག་ཉར་འོག་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།