ཡུལ་ཤུལ་དུ་མཐོ་རྒྱུགས་ཁྲོད་ཞུགས་མཁན་བོད་རིགས་སློབ་མ་ཚོར་རྒྱ་ཡིག་འབྲི་བཅུག་པས་ཡིག་ཚད་མ་འཕྲོད་མཁན་མང་པོ་བྱུང་འདུག

2022.06.28
ཡུལ་ཤུལ་དུ་མཐོ་རྒྱུགས་ཁྲོད་ཞུགས་མཁན་བོད་རིགས་སློབ་མ་ཚོར་རྒྱ་ཡིག་འབྲི་བཅུག་པས་ཡིག་ཚད་མ་འཕྲོད་མཁན་མང་པོ་བྱུང་འདུག པར་ཚགས
Photo: RFA

འདི་ལོའི་ཕྱི་ཟླ་༦པའི་ཟླ་མགོ་ནས་བཟུང་རྒྱ་ནག་རྒྱལ་ཡོངས་མཐོ་རྒྱུགས་སམ་མཐོ་སློབ་ནང་ཞུགས་རྒྱུའི་ཡིག་རྒྱུགས་བཏང་ཡོད་པ་བཞིན། བོད་ནང་གི་ས་ཁུལ་གང་ས་ནས་སློབ་མ་མང་པོ་ཞིག་གིས་རྒྱ་ནག་གི་གཅིག་གྱུར་མཐོ་རྒྱུགས་བཏང་ཡོད་པ་རེད། འོན་ཀྱང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་རྫོང་ཁག་གི་ནང་གོང་རིམ་གྱི་བཀོད་ཁྱབ་ཡིན་སྐོར་བརྗོད་ནས་ཡིག་ཚད་ལྟ་བཤེར་བྱེད་མཁན་ཚོས་སློབ་མ་ཚོར་ངེས་པར་ཡིག་རྒྱུགས་ལན་རྒྱ་ཡིག་ནང་འབྲི་བཅུག་པར་བརྟེན། རྒྱ་ཡིག་གི་རྨང་གཞི་ཡག་པོ་མེད་པ་བོད་ཡིག་ཆེད་སྦྱོང་ཡིན་པའི་སློབ་ཕྲུག་མང་པོ་ཞིག་གིས་ཡིག་རྒྱུགས་འཕྲོད་མེད་པ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་ཡིག་རྒྱུགས་ཁག་གི་ལན་དེ་རྒྱ་ཡིག་ནང་འབྲི་བཅུག་པ་དེ་ནི། རྒྱ་ནག་གཞུང་གིས་ཡུལ་ཤུལ་ཁུལ་དུ་ཐབས་ལམ་གཉིས་པའི་སློབ་གསོ་ཞེས་རྒྱ་ཡིག་གཙོ་བཟུང་བྱེད་པའི་སློབ་ཁྲིད་ལག་བསྟར་རྐྱེན་གྱིས་ཡིན་པ་བརྗོད་བྱུང་། ལྷག་པར་དུ་འདི་ལོ་ཡུལ་ཤུལ་ཁུལ་མཐོ་རི་སློབ་གྲྭར་ཚུད་རྒྱུགས་གཏོང་མཁན་གྱི་སློབ་མ་ཚོར་ཡིག་ཚད་འབྲི་ཤོག་བཀྲམ་རྗེས་མ་གཏོགས་རྒྱ་ཡིག་གི་ལམ་ནས་ལན་འདེབས་དགོས་པའི་གནས་ཚུལ་བཤད་མི་འདུག་ལ། སྔར་ལོ་ཡིག་རྒྱུགས་མ་འཕྲོད་པར་འདི་ལོ་བསྐྱར་དུ་མཐོ་རིམ་སློབ་གྲྭའི་ནང་ཚུད་རྒྱུགས་གཏོང་མཁན་ཁག་ཅིག་ནས་རྒྱ་ཡིག་ནང་ལན་འདེབས་མ་ཐུབ་པར་ཡིག་ཚད་མ་འཕྲོད་པ་ཡང་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་བཏང་བོད་ཀྱི་ས་ཁུལ་ཁག་ཅིག་གི་ནང་། ཡིག་རྒྱུགས་ཀྱི་ལན་དེ་དག་བོད་ཡིག་དང་རྒྱ་ཡིག་གང་རུང་གི་ནང་བྲིས་ན་ཡང་སློབ་ཕྲུག་སོ་སོའི་གདམ་ག་ཡིན། དཔེར་ན། འདི་ལོ་ཡང་མཚོ་སྔོན་ཕྱོགས་ཀྱི་ས་གནས་གཞན་མང་པོར་ཡིག་རྒྱུགས་འབྲི་ཤོག་བོད་ཡིག་ནང་ལན་འདེབས་བྱས་རྗེས། ཡིག་རྒྱུགས་ཟིན་པའི་རྗེས་སྐར་གྲངས་གཅིག་གྱུར་ངང་སྤྲད་ཡོད་འདུག་ལ། ཡིག་ཚད་སྐར་གྲངས་ཡག་པོ་བྱུང་ཡོད་འདུག
ཡང་རྔ་བ་ཕྱོགས་ནས་ཡིན་པའི་འབྲེལ་ཡོད་བོད་མི་ཞིག་གིས། ཟླ་བ་འདིའི་ཕྱི་ཚེས་༢༤ཉིན་རྔ་བ་ཁུལ་དུ་མཐོ་རིམ་སློབ་གྲྭའི་ཚུད་རྒྱུགས་ཡིག་ཚད་ཀྱི་གྲུབ་འབྲས་སམ་སྐར་གྲངས་དངོས་སུ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ནང་གྲུབ་འབྲས་བཟང་ཤོས་ལེན་མཁན་ནམ་སྐར་གྲངས་མཐོ་ཤོས་ལེན་མཁན་ནི་བོད་ཡིག་ཆེད་སྦྱོང་ཡིན་པའི་བོད་རིགས་སློབ་མ་ཁག་ཡིན་པ་དང་། ཡིག་རྒྱུགས་ཀྱི་ལན་འདེབས་རྒྱ་ཡིག་ནང་འབྲི་རུ་འཇུག་བཞིན་པ་དེས་བོད་རིགས་སློབ་མ་ཚོར་དཀའ་ངལ་རིམ་པར་འཕྲད་བཞིན་པ་འགྲེལ་བརྗོད་བྱས་བྱུང་།
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་པོས་ནང་ཐབས་ལམ་གཉིས་པའི་སློབ་གསོ་ཞེས་བོད་ཡིག་གི་སློབ་དེབ་ཁོ་ན་ལས་གཞན་སློབ་དེབ་ཚང་མ་རྒྱ་ཡིག་ནང་སློབ་ཁྲིད་ལག་བསྟར་བྱེད་བཞིན་ཡོད་པ་རེད་ལ།
ཕྱི་་ལོ་༢༠༢༠ལོར་རྔ་བ་ཁུལ་ཡོངས་སུ་ཐབས་ལམ་གཉིས་པ་ལག་བསྟར་བྱེད་ཐབས་བྱས་ཀྱང་དགེ་རྒན་དང་ཁྱིམ་བདག་མང་པོས་བསམ་ཚུལ་ཤུགས་ཆེར་བཤད་སྟབས་ལག་བསྟར་ཐུབ་མེད་ཅིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དུ་ཕྱི་ལོ་༢༠༡༩ལོ་ནས་བཟུང་ཐབས་ལམ་གཉིས་པའི་སློབ་ཁྲིད་དངོས་སུ་ལག་བསྟར་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎