ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༨ ཉིན། བོད་ནང་དུ་དགའ་མོས་དང་ལ་རྒྱའི་གླུ་བ་ཞེས་འབོད་པའི་བོད་ཀྱི་ན་གཞོན་གླུ་གཞས་སྒྱུ་རྩལ་བ་བློ་བཟང་ལགས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་དང་འབྲེལ་ཡོད་བོད་ཕྱི་ནང་གི་བོད་མི་གཉིས་ནས། ན་གཞོན་གླུ་གཞས་སྒྱུ་རྩལ་བ་བློ་བཟང་ལགས་མཆིན་པའི་ན་ཚའི་རྐྱེན་གྱིས་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་ཕྱིན་ཡོད་པ་དང་། གླུ་བ་ཁོང་གིས་གླུ་གཞས་ཆེད་སྒྲིག་ཐེངས་བརྒྱད་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་ལས། གླུ་ཚིག་ཁག་ཅིག་ལ་ཆབ་སྲིད་ཀྱི་གནད་དོན་ཡོད་སྐོར་བརྗོད་ནས། རྒྱ་ནག་གཞུང་གིས་ཁོངས་ཐེངས་ཁ་ཤས་འབོད་འགུག་འདྲི་རྩད་དང་། བཀག་ཉར་སོགས་བྱས་མྱོང་ཡོད་པ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གླུ་གཞས་སྒྱུ་རྩལ་བ་བློ་བཟང་ལགས་ནི་མདོ་སྨད་ཁྱུང་མཆུ་རྫོང་ནས་ཡིན་ཞིང་། འདི་ལོ་དགུང་གྲངས་ ༣༩ ཡིན་པ་དང་། ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་པ་དང་འབྲེལ། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླུ་བ་ཁོང་གློ་བུར་འདས་གྲོངས་སུ་ཕྱིན་པར། མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཤུགས་ཆེར་ཞུ་བཞིན་ཡོད་པ་དང་། ཨོ་གླིང་དུ་གནས་སྡོད་ཆབ་སྲིད་བཙོན་ཟུར་ཤེལ་དགེ་འདུན་ཚེ་རིང་ལགས་ནས། བློ་བཟང་ལགས་ནས་མི་ཚེ་ཧྲིལ་པོར་གླུ་གཞས་སྒྱུ་རྩལ་གྱི་ལམ་ནས་ཕྱིན་ཡོད་ན་ཡང་། ཁོང་གིས་གླུ་གཞས་འཁོར་ཐག་དང་ཆེད་སྒྲིག་མང་དག་ཅིག་འགྲེམས་སྤེལ་བྱས་པ་ལས། རྒྱ་ནག་གཞུང་གིས་གླུ་བ་ཁོང་ཆབ་སྲིད་ཀྱི་དོགས་གཞི་ཡོད་སྐོར་བརྗོད་ནས། ལོ་ཤས་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་སོགས་ཀྱི་འགྲོ་སྐྱོད་མི་ཆོག་པའི་དམ་དྲག་དང་། འཛིན་བཟུང་གིས་ཡུན་རིང་བཙོན་འཇུག་སོགས་བྱས་མེད་ན་ཡང་འདྲི་རྩད་དང་བཀག་ཉར་ཐེངས་མང་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བློ་བཟང་ལགས་ནས་ད་བར་གླུ་གཞས་ཆེད་སྒྲིག་ ༨ དང་འཁོར་ཐག་མང་དག་ཅིག་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་ལས། ཁོང་གིས་དེ་སྔ་ཉི་ཟླ་སྒར་གསུམ་ཞེས་པའི་གླུ་དབྱངས་ནང་དུ་གངས་ཅན་བོད་ཀྱི་རྒྱལ་པོ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ། གངས་ཅན་བོད་ལ་བྱོན་ནས། ཞབས་པད་བརྟན་པའི་བཀྲ་ཤིས་ཞེས་བླངས་ཡོད་པ་མ་ཟད། ཁ་བའི་སྐྱིད་སྡུག་དང་འཛམ་གླིང་ཞི་བདེ། གངས་ཕྲུག་གི་མདུན་ལམ། སྐྱབས་མགོན། བོད་མིའི་ལས་དབང་སོགས་བོད་དོན་དང་འབྲེལ་བའི་གླུ་གཞས་འབོར་ཆེན་བཏང་བས། བོད་ནང་གི་བོད་མི་ཚོས་ཁོང་གི་མཚན་ལ་ལ་རྒྱའི་གླུ་བ་བློ་བཟང་སོགས་འབོད་སྲོལ་ཡོད་འདུག་ལ། བོད་མི་ཞིག་ནས་སྤྱི་ཚོགས་དྲ་ལམ་དུ་ང་རང་ཆུང་དུས་ནས་ཁོང་གི་གླུ་གཞས་དང་མཉམ་དུ་འཚར་ལོངས་བྱུང་བ་ཡིན་ལ། བོད་མི་རིགས་ལ་བློ་སེམས་དཀའ་བའི་གཞས་པ་ཁོང་འདས་གྲོངས་ཕྱིན་པར་བློ་ཕམ་བྱུང་ཞེས་སོགས་བཀོད་འདུག
གསར་འགོད་པ། ལོ་ཡག་བཀྲ་ཤིས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།