རྒྱ་གར་དུ་ནང་ཆོས་ཀྱི་བགྲོ་གླེང་ཟབ་སྦྱོང་དང་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཕེབས་པ་བཅས་ལ་བརྟེན་ནས། རྒྱ་གར་བའི་ཁྲོད་ནང་ཆོས་ལ་དོ་སྣང་དོན་གཉེར་མཁན་ཇེ་མང་དུ་འགྲོ་བཞིན་པ་རེད།

2023.06.14
རྒྱ་གར་དུ་ནང་ཆོས་ཀྱི་བགྲོ་གླེང་ཟབ་སྦྱོང་དང་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཕེབས་པ་བཅས་ལ་བརྟེན་ནས། རྒྱ་གར་བའི་ཁྲོད་ནང་ཆོས་ལ་དོ་སྣང་དོན་གཉེར་མཁན་ཇེ་མང་དུ་འགྲོ་བཞིན་པ་རེད། རྒྱ་གར་གྱི་ནང་པའི་གཞོན་ནུ་ལྷན་ཚོགས་ནས་Youth Buddhist Society of India གོ་སྒྲིག་གནང་སྟེ། རྒྱ་གར་བ་ནང་པ་སེར་སྐྱ་ཕོ་མོ་བརྒྱ་དང་ཉི་ཤུ་རྩ་ལྔ་ཆེད་དུ་རྡ་རམ་ས་ལར་བཅར་ཏེ། རྡ་རམ་ས་ལའི་ཊུ་ཥི་ཊ་ཆོས་ཚོགས་ཀྱིས་སྤྱི་ཚེས་༧ནས་༡༥བར་ནང་ཆོས་ཀྱི་ཟབ་སྦྱོང་ཞིག་ཕུལ་བཞིན་པ།
Photo: RFA

རྒྱ་གར་གྱི་ནང་པའི་གཞོན་ནུ་ལྷན་ཚོགས་ནས་Youth Buddhist Society of India གོ་སྒྲིག་གནང་སྟེ། རྒྱ་གར་དབུས་རྒྱུད་ཀྱི་སངྐི་སཱ་ལྷ་བབས་ས་གནས་དང་། མཱ་རཱཤི་ཊི་རཱ་དང་བི་ཧར། བྷོ་པལ་ལ་སོགས་ནས་རྒྱ་གར་བ་ནང་པ་སེར་སྐྱ་ཕོ་མོ་བརྒྱ་དང་ཉི་ཤུ་རྩ་ལྔ་ཆེད་དུ་རྡ་རམ་ས་ལར་བཅར་ཏེ། ༧གོང་ས་མཆོག་གིས་མཇལ་ཁ་བཀའ་སློབ་སྩལ་ཡོད་པ་མ་ཟད། རྡ་རམ་ས་ལའི་ཊུ་ཥི་ཊ་ཆོས་ཚོགས་ཀྱིས་སྤྱི་ཚེས་༧ནས་༡༥བར་ནང་ཆོས་ཀྱི་ཟབ་སྦྱོང་ཞིག་ཕུལ་བཞིན་པ་བརྒྱུད། སྐད་སྒྱུར་དང་འབྲེལ་མཐུད་གནང་མཁན་གྱི་གྲས་༧གོང་ས་མཆོག་གི་ཧིན་དིའི་གསུང་སྒྱུར་ཀེ་ལ་ཤ་ལགས་ནས། སྤྱི་ལོ་༢༠༡༥ལོ་ནས་བཟུང་༧གོང་ས་མཆོག་གིས་རྒྱ་གར་ལ་ནང་ཆོས་ངོ་སྤྲོད་ཆེད་དུ་གནང་ཡོད་པས། ད་ལྟ་རྒྱ་གར་དུ་ནང་ཆོས་ལ་དོ་སྣང་ཅན་ཇེ་མང་དུ་འགྲོ་བཞིན་པ་འགྲེལ་བརྗོད་གནང་གི་འདུག

སྤྱི་ལོ་༡༩༨༦ལོར་བཙུགས་པའི་རྒྱ་གར་གྱི་ནང་པའི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་Suresh Chandra Bauddhaསུ་རེ་ཤེ་བྷོའུ་དཱ་ལགས་ནས། ཟབ་སྦྱོང་འདི་བརྒྱུད་ནས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དང་ལོ་རྒྱུས་ཀྱི་སྐོར་ཤེས་རྟོགས་ཐུབ་པ་མ་ཟད། རྒྱ་གར་བ་ཚོས་རང་གི་རིག་གཞུང་གོམས་གཤིས་དང་ལོ་རྒྱུས་སོགས་བསྐྱར་དུ་སློབ་པར། དེང་སང་རྒྱ་གར་བ་ཧ་ཅང་མང་པོ་༧གོང་ས་མཆོག་གི་མདུན་དུ་བཅར་བཞིན་པ་འགྲེལ་བརྗོད་གནང་གི་འདུག དེང་སང་རྒྱ་གར་བ་ཧ་ཅང་མང་པོ་ཞིག་སོ་སོའི་གནའ་རབས་ཀྱི་རིག་གཞུང་སློབ་པར་༧གོང་ས་མཆོག་གི་སྐུ་མདུན་དུ་བཅར་བཞིན་པ་དང་། ༧གོང་ས་མཆོག་གིས་ཁོང་ཚོར་སངས་རྒྱས་ཀྱི་ཆོས་དང་རྒྱ་གར་གྱི་ཤེས་རབ་ཡང་དག་པ་དེ་སློབ་བཞིན་པ་དང་། ཟབ་སྦྱོང་འདི་གྲས་ཀྱིས་ང་ཚོར་ཧ་ཅང་ཞིབ་ཚགས་གཏིང་ཟབ་ཀྱི་ལམ་ནས་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པས། ང་ཚོས་ཐོས་བསམ་སྒོམ་གསུམ་བྱེད་པར་ཕན་ཐོགས་ཆེ་བ་མ་ཟད། སོ་སོའི་ལོ་རྒྱུས་དང་གནའ་བོའི་རིག་གཞུང་ཕྱུག་པོ་དེར་སྤོབས་པ་སྐྱེ་ཡི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

WhatsApp Image 2023-06-14 at 4.27.56 PM.jpeg

གཞན་ཡང་རྒྱ་གར་བ་གཞོན་སྐྱེས་Milind Bodhལགས་ནས་ཀྱང་། ང་ཚོས་འདི་གར་བོད་ཀྱི་སྐད་ཡིག་རིག་གཞུང་དང་ལོ་རྒྱུས་ལ་རྒྱུས་ལོན་ཐུབ་པར་དགའ་སྤྲོ་བྱུང་བའི་ཁར། ནང་ཆོས་ནི་མི་ཚེ་སྐྱེལ་སྟངས་ཀྱི་ཐབས་ལམ་ཧ་ཅང་ཡག་པོ་ཞིག་ཡིན་པས། དེ་ནི་གཞོན་སྐྱེས་ཚང་མར་དགོས་མཁོ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག ནང་ཆོས་ནི་ཡོངས་གྲགས་ཀྱི་ཆོས་ལུགས་ཁག་དང་མི་འདྲ་བར།མི་ཚེ་བཟང་པོ་དང་དོན་ཕན་ལྡན་པའི་ངང་སྐྱེལ་བའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་སྟབས། ནང་ཆོས་ཀྱིས་ནང་སེམས་ཀྱི་འཕྲོད་བསྟེན་དང་སེམས་དམིགས་པ་ལ་རྩེ་གཅིག་ཏུ་འཛིན་སྟངས་སོགས་བསླབ་ཀྱི་ཡོད་པར་བརྟེན། ཐབས་ལམ་དེ་ནི་གཞོན་སྐྱེས་ཚང་མ་ལ་ཕན་ཐོགས་ཆེན་པོར་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་སོང་ལ། ཡང་ན་གཞོན་བུད་མེད་ཀ་མ་ལ་ལགས་ནས།༧གོང་ས་མཆོག་གིས་དཀའ་སྡུག་མང་པོ་བརྒྱུད་ཡོད་ནའང་། ད་དུང་ཐུགས་སེམས་སྤྲོ་བོ་དང་གཞན་ལ་དོ་ཁུར་དང་ཐུགས་བརྩེ་ཟབ་མོ་ཡོད་པ་དེས། ང་རང་ལ་སློབ་གསོ་ཡག་པོ་ཐེབས་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག

ནང་པའི་ཆོས་ལས་ང་རང་གིས་དགའ་ཤོས་ནི་བྱམས་བརྩེའི་ཉམས་ལེན་དེ་མཐོང་གི་ཡོད་ཅིང་། ༧གོང་ས་མཆོག་ལ་མཇལ་ཏེ་ཁོང་ཐུགས་གཤིས་བཟང་པོ་དང་བདེ་སྐྱིད་ཀྱི་གལ་གནད་ཤེས་པ་མ་ཟད། རང་གཅིག་པུ་ཙམ་མིན་པར་གཞན་གྱི་བདེ་སྡུག་ལ་དོ་ཁུར་བྱེད་དགོས་པ་དང་། ༧གོང་ས་མཆོག་གི་སྐུ་ཚེའི་རིང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་དཀའ་སྡུག་ཧ་ཅང་མང་པོར་འཕྲད་ཡོད་ནའང་། ཁོང་ད་དུང་ཐུགས་སེམས་སྤྲོ་བོ་དང་གཞན་ལ་དོ་ཁུར་གྱི་ཐུགས་བརྩེ་ཟབ་མོ་ཡོད་པ་དེས། ང་ལ་སློབ་གསོ་ཡག་པོ་ཐེབས་བྱུང་ཞེས་འགྲེལ་བརྗོད་གནང་སོང་། ཁོང་ཚོར་བདུན་ཕྲག་གཅིག་རིང་གི་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་དེར། ཧིན་དིའི་སྐད་ཀྱི་ལམ་ནས་ཉམས་མྱོང་ལྡན་པའི་དགེ་བཤེས་དང་མཁས་པ་ཁག་ཅིག་གིས་ནང་ཆོས་ངོ་སྤྲོད་གནང་ཡོད་པ་དང་། རྩ་བའི་རྒྱ་གར་བ་ནང་པ་ཚོ་བཞུགས་སྒར་དུ་གཟིགས་སྐོར་གནང་སྲོལ་དེ། སྤྱི་ལོ་༢༠༡༡ལོ་ནས་མགོ་འཛུགས་གནང་སྟེ་ལོ་རེ་འཆར་ཅན་དུ་ལས་རིམ་བསྐྱང་བཞིན་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎