ཁྲག་ཡིག་རྩོམ་པ་པོ་ཐེའུ་རང་བཙོན་བཀྲོལ་ཐོབ་འདུག

ཁྲག་ཡིག་རྩོམ་པ་པོ་ཐེའུ་རང་བཙོན་བཀྲོལ་ཐོབ་སྐབས། ༢༠༡༤།༣།༢༩
ཁྲག་ཡིག་རྩོམ་པ་པོ་ཐེའུ་རང་བཙོན་བཀྲོལ་ཐོབ་སྐབས། ༢༠༡༤།༣།༢༩ (པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་འབྱོར།)

0:00 / 0:00

བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་ཐེའུ་རང་ལགས་མི་ལོ་བཞིའི་རྗེས་ནས་བཙོན་བཀྲོལ་ཐོབ་ནས་རང་ཁྱིམ་ལ་འབྱོར་འདུག
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། མི་ལོ་བཞི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་མྱང་སམཁན་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་ཐེའུ་རང་ངམ། བཀྲིས་རབ་བརྟན་ལགས་སྤྱི་ཟླ༣ཚེས༢༩ཉིན་གྱི་སྔ་དྲོར་ཟི་ཁྲོན་མེན་ཡཱང་ཞེས་བའི་བཙོན་ཁང་ནས་བཙོན་གྲོལ་ཐོབ་ནས་ཟི་ལིང་ལ་འབྱོར་ཡོད་པ་དང་། སྐབས་དེར་ནང་མི་གཉེན་ཉེ་དང་སློབ་གྲོགས་ངོ་ཤེས་མང་པོས་ཁོང་བཙོན་གྲོལ་ཐོབ་པར་དགའ་བསུ་བྱས་ཡོད་པ་མ་ཟད་། བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོས་ཁོང་བཙོན་གྲོལ་ཐོབ་པར་དྲ་ལམ་འཕྲིན་ལམ་ནས་རྟེན་འབྲེལ་ཡོད། དེའི་ཐད་བོད་ནང་གི་བོད་མི་ཞིག་གིས་བརྗོད་དོན། དེ་རིང་རྩོམ་པ་པོ་ཐེའུ་རང་ལགས་བཙོན་གྲོལ་ཐོབ་པ་དགའ་འོས་པ་ཞིག་ཡིན་མོད། ཁོང་གི་སྐུ་གཟུགས་འཕྲོད་བསྟེན་གྱི་གནས་སྟངས་དང་མ་འོངས་བར་མུ་མཐུད་སེམས་ཁྲལ་འདུག བོད་མི་གཞོན་སྐྱེས་དང་ལྷག་པར་ཤེས་ཡོན་པའི་སྡེ་ཡིན་ཟེར་མཁན་ཚོས་ཁོང་གི་བདེན་པ་སྨྲ་བའི་སྙིང་སྟོབས་དང་དེའི་ཆེད་དུ་མྱངས་པའི་དཀའ་སྡུག་བརྗེད་མི་རུང་ཞེས་བརྗོད་བྱུང་། ཐེའི་རང་ལགས་ཀྱིས་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ༢༠༠༩ལོར་ཁོང་གིས་ཁྲག་ཡིག་བྲིས་ནས་འགྲེམ་སྤེལ་བྱས་རྗེས་ལོ་དེའི་ཟླ་༧པའི་ཚེས་༢༦ཉིན་རྒྱ་ནག་བདེ་འཇགས་མི་སྣས་ཁོང་འཛིན་བཟུང་གིས་ཟླ་ངོ་གཅིག་རིང་འདྲི་བརྩད་བཀག་ཉར་བྱས། དེ་ནས་༢༠༡༠ཟླ་བ་༤་བའི་ཚེས་བཞི་ཉིན་ནུབ་བྱང་མི་རིགས་སློབ་གྲ་ཆེན་ནས་ཁོང་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་རིང་ཁྲིམས་བཤེར་གང་ཡང་མ་བྱས་བར་བཀག་ཉར་བྱས་རྗེས་༢༠༡༡ཟླ་༦་པའི་ཚེས་༢་ཉིན་རྔ་བ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་ནི་མི་རིགས་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་དང་། ༢༠༠༨ ལོའི་ནུབ་བྱང་སློབ་ཆེན་གྱི་བོད་རིགས་སློབ་མའི་ཞི་བའི་ལས་འགུལ་གྱི་སྣེ་ཁྲིད་པ་སོགས་ཀྱི་ཉེས་མིང་བཏགས་ནས་ལོ་བཞིའི་དུས་བཀག་ཁྲིམས་ཐག་བཅད་པ་ཡིན་པ་རེད།
བཙོན་བཀྲོལ་ཐོབ་མ་ཐག་པའི་ན་གཞོན་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ། སྨྱུག་མིང་ལ་ཐེའུ་རང་ལགས་ནི་ལོ་རབས་བརྒྱད་ཅུ་པའི་ནང་མདོ་སྨད་མཛོད་དགེ་ཐང་སྐོར་དུ་སྐྱེས་ཤིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་དང་། སློབ་ཆེན་དེའིི་༢༠༠༨ ལོར་བོད་ཁམས་ལ་སྐད་གྲགས་ཆོད་པའི་ཤར་དུང་རི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། ཁྲག་ཡིག་དཔེ་དེབ་ཀྱི་རྩོམ་པ་པོ་ཡིན་པ་རེད།

ཁྲག་ཡིག་རྩོམ་པ་པོ་ཐེའུ་རང་ལགས།
ཁྲག་ཡིག་རྩོམ་པ་པོ་ཐེའུ་རང་ལགས།

གསར་འགོད་པ་ཀླུ་འབུམ།