ཡོན་ཏན་རབ་རྒྱས་ལགས་རྒྱ་ནག་གི་བཙོན་ནས་གློད་བཀྲོལ་བཏང་འདུག
2019.07.27
བོད་ནང་གི་མཚོ་སྔོན་ཞིང་ཆེན་གཅིག་སྒྲིལ་རྫོང་དཔལ་ཡུལ་རུ་ཆེན་རུ་ཆུང་གསུམ་པ་ནས་ཡིན་མཁན་ཡོན་ཏན་རབ་རྒྱས་རྒྱ་ནག་གཞུང་གིས་ཉེས་མེད་ཉེས་འགལ་འོག་ད་བར་དུ་མི་ལོ་བཞི་ལྷག་གི་རིང་བཙོན་འོག་དུ་སྡུག་སྦྱོངས་མནར་གཅོད་མྱང་རྗེས་ཟླ་བ་༧ཕྱི་ཚེས་༢༦་ཉིན་གྱིས་ཞོགས་པར་བཙོན་གྲོལ་ཐོབ་སྟེ་ཕྱིར་རང་གི་ས་གནས་སུ་འབྱོར་ཡོད་པའི་སྐོར་ལ་བོད་ནང་གི་བོད་མི་ཁག་ཅིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་འདུག་ཁོང་གིས་བརྗོད་དོན་ལྟར་ན་བོད་རྒྱའི་ཆབ་སྲིད་དང་འབྲེལ་བའི་ཉེས་འཛུགས་འོག་འདས་བའི་མིི་ལོ་བཞི་དང་ཟླ་ངོ་བཞི་ལྷག་གི་རིང་ལ་ཡོན་ཏན་རབ་རྒྱས་ལགས་ཁྲིམས་འོག་དུ་བཙོན་འཇུག་བྱས་ནས་གསར་དུ་གློད་གྲོལ་ཐོབ་ཡོད་པ་དང་ཕྱི་ཟླ་༧ཚེས་༢༦་ཉིན་གྱི་ཞོགས་པར་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ན་ཡོད་པའི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་ཡོད་པ་དང་། ཁོང་གི་ནང་མི་སྤུན་མཆེད་ཁ་ཤས་ཆེད་དུ་བཙོན་ཁང་གི་སྒོ་ཁར་ལེན་དུ་སོང་ནས་རྒྱ་ནག་གི་ཉེན་རྟོག་དམག་མི་གསུམ་བཅས་ཀྱི་རླངས་འཁོར་ནང་ཆེད་དུ་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་རག་བར་དུ་བསྐྱལ་ནས་ཡོང་འདུག ད་ལྟའི་ཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་ལས་རྐང་ལག་ལ་སྐྱོན་ཆགས་འདྲ་ཤོར་མི་འདུག སྦྱིར་ན་རྒྱ་ནག་གཞུང་གིས་ཁོང་ལ་མི་ལོ་དྲུག་གི་རིང་ལ་བཙོན་འཇུག་གི་ཁྲིམས་ཆད་བཅད་ཡོད་ཀྱང་ཁོང་གིས་བཙོན་ཁང་དུ་ལས་ཀ་ཧུར་ཐག་བྱས་པས་རྐྱེན་གྱིས་ཅུང་ཆགས་ཡངས་སུ་བཏང་འདུག མ་འོངས་བར་ཁོང་གིས་འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་དང་དམ་དྲག་གང་འདྲ་ཡོད་མེད་གནས་སྐབས་རིང་གསལ་ཁ་མི་འདུག གཞན་ད་ལྟའི་འཆར་རྒྱལ་ཁབ་ཀྱི་ནག་འཇོམས་ངན་སེལ་ཞེས་བའི་སྲིད་ཇུས་ཤིག་ལག་བསྟར་གྱིས་དཀའ་ངལ་འཕྲད་བཞིན་པའི་སྐབས་ཡིན་སྟབས་ཁོང་གི་དགའ་ཉེས་གྲོགས་པོ་དང་སྡེ་མི་མང་ཚོགས་ཀྱི་ཁོང་ལ་དགའ་བསུའི་རྣམས་པ་སྟོན་རྒྱུར་ཧ་ཅང་གི་སྟབས་བདེ་མ་རེད་ཅེས་བརྗོད་འདུག ཡོན་ཏན་རབ་རྒྱས་ལགས་དེ་སྔ་ཕྱི་ལོ་༢༠༡༥ལོའི་སྤྱི་ཟླ་གསུམ་པའི་ཚེས་༡༣་ཉིན་གཅིག་སྒྲིལ་རྫོང་གི་རྒྱ་གཞུང་ལས་ཁུངས་སུ་འབོད་འགུག་གིས་འཛིན་བཟུང་བཀག་ཉར་བྱས་བ་ནས་ད་བར་དུ་མི་ལོ་བཞི་དང་ཟླ་བཞི་ལྷག་རིང་བཙོན་འཇུག་བྱས་ཡོད་པ་དང་། ཁོང་ད་ལོ་རང་ལོ་༣༠་ཡིན་པ་རེད་འདུག་ཅིང་ཁོང་དེ་སྔ་རྒྱ་གཞུང་གིས་བཀག་ཉར་བྱས་ནས་ཟླ་གཉིས་དང་ཉིན་༡༦་འགོར་བའི་ཉིན་ཁོང་གི་ཨ་མ་ལགས་སྐུ་འདས་གྲོངས་སུ་གྱུར་ཡོད་པས་མ་བུ་གཉིས་ངོ་ཐུག་ཐུབ་མེད་པ་དང་། ཁོང་ལ་རྒྱ་ནག་གཞུང་གིས་ཉེས་འགལ་བྱེད་དགོས་དོན་གཙོ་བོ་ཁ་པར་གྱི་ལམ་ནས་བོད་ཕྱི་ལོག་གི་གསར་འགྱུར་ལ་ལྟ་ཉན་བྱས་བ་ཁྲིམས་འགལ་དུ་བརྩིས་བ་ལས་ནམ་རྒྱུན་ཡོན་ཏན་རབ་རྒྱས་ལགས་ནི་འབྲོག་ཕྲུག་དཀྱུས་མ་ཞིག་དང་ལྷག་པར་དུ་རང་རོགས་ཕན་ཚུན་ལ་མཐུན་སྒྲིལ་ཡོད་མཁན་གྱི་མི་ཡ་རབས་ཞིག་ཡིན་པ་ས་གནས་མང་ཚོགས་ཀྱི་བརྗོད་བཞིན་ཡོད་འདུག ཡང་བོད་ནང་གི་བོད་མི་གཞན་ཞིག་གིས་འདི་གར་ཡིག་ཐོག་གནས་ཚུལ་ཞིག་བཏང་འབྱོར་བྱུང་བའི་ནང་དུ་མཁོད་དོན། ཡོན་ཏན་རབ་རྒྱས་ལགས་ཀྱི་མི་ལོ་དུ་མའི་རིང་ལ་དཀའ་ངལ་མྱང་བ་དེ་རང་དོན་ཆུང་ཆུང་ཞིག་གི་ཆེད་དུ་མ་ཡིན་པར་ལྷག་བསམ་རྣམ་དག་གིས་རང་གི་མི་རིགས་ལ་ལ་རྒྱ་ཡོད་མཁན་ཞིག་ཡིན་པས་སྟབས་ཀྱི་དེ་ལྟར་མྱང་བ་རེད་མ་གཏོགས་ཁོང་ནི་ཁ་བཤད་ལག་ལེན་གཉིས་གཅིག་དུ་མི་མཚུངས་བའི་ལས་ཀ་བྱེད་མཁན་གྱི་མི་ཞིག་གཏན་ནས་མིན་པ་སྡེ་མི་གྲོགས་མཆེད་ཚང་མའི་ཤེས་གསལ་ཡིན། ཁོང་གི་ཕ་མ་གཉིས་སྔ་ས་ནས་འདས་ཟིན་པས་ད་ལྟ་ཁོང་ལ་གྲོགས་སྤུན་མཆེད་རེ་མ་གཏོགས་ཡོད་པ་མ་རེད་ཅེས་མཁོད་འདུག།