ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་ཡེ་ཤེས་དབང་མོ་ལགས་ཀྱིས་ལས་འཁུར་དམ་འབུལ་ཞུས་སོང་།

ཟླ་ ༣ ཚེས་ ༡༧ ནས་ ༢༩ བར་འཚོགས་པའི་གྲོས་ཚོགས་ཚོགས་དུས་དགུ་པའི་སྐབས་མང་མོས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་བ་ཡེ་ཤེས་དབང་མོ་ལགས་ཀྱིས། ཟླ་ ༤ ཚེས་ ༤ རེས་གཟའ་པ་སངས་ཀྱི་ཉིན་གྲོས་ཚོགས་རྭ་བའི་ནང་དུ་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤན་པ་ཚེ་རིང་ལགས་དང་སྤྱི་འཐུས་ཁག་གཅིག་ལྷན་བཞུགས་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱི་དྲུང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་འབུལ་ཞུས་སོང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱིས། སྒྲིག་འཛུགས་དང་ཚོགས་སྡེ་གང་འདྲ་ཞིག་ཡིན་རུང་ཁྲིམས་སྒྲིག་ལ་བརྩི་སྲུང་གནང་ཐོག་བསྐྱངས་དགོས་གལ་ཆེ་བ་ལས། གལ་ཏེ་ཁྲིམས་སྒྲིག་ལ་བརྩི་སྲུང་ནན་པོ་མ་གནང་ཚེ་སྒྲིག་འཛུགས་ཉམས་དམས་སུ་འགྲོ་ངེས་ཡིན་པས། ཁོང་རང་ཉིད་ནས་ཀྱང་ལོ་ངོ་ ༢༩ རིང་སྲི་ཞུ་སྒྲུབ་རིང་ཁྲིམས་སྒྲིག་གཙང་མ་སྲུང་མཁན་ཞིག་ཡིན་ལ། མུ་མཐུད་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་བཞེས་སྐབས་ཁྲིམས་སྒྲིག་གོང་བཀུར་ཞུ་རྒྱུ་ཡིན་ཞེས། དམ་འབུལ་གྲུབ་མཚམས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་ཡང་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱིས། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༥ ཉིན་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁོངས་འཛུལ་བཞུགས་ཀྱིས། བདེ་སྲུང་དང་འཕྲོད་བསྟེན། ཕྱི་དྲིལ་དང་དཔལ་འབྱོར་ལས་ཁུངས། དེ་བཞིན་བཀའ་ཤག་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་སུ་སྲི་ཞུའི་ཞབས་ཞུ་ཁྱོན་ལོ་ངོ་༢༩ལྷག་གནང་འདུག་ལ། ཁོང་ནི་བོད་པའི་བུད་མེད་ཅིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་བཞེས་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།