གཡང་མོ་སྐྱིད་ལགས་ཀྱི་ཁྱུང་ཉིན་སྒེར་གཉེར་སློབ་གྲྭ་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་བར་ས་གནས་བོད་མི་ཚོས་འབྲེལ་ཡོད་ལ་ཞུ་འབུལ་བྱས་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཞོན་ཧཱ་ཡ་རྫི་རྫོང་གི་ཤེས་རིག་སློབ་གསོ་ལས་ཁུངས་ཀྱིས་ཉེ་བའི་ཕྱི་ཟླ་༡ པོའི་ཚེས་༡༤ཉིན་རྒན་གཡང་མོ་སྐྱིད་ལགས་ཀྱི་མཚན་ཐོག་ཏུ་བརྡ་ཐོ་ཞིག་བཏང་སྟེ། ཁོ་མོའི་སྒེར་གཉེར་སློབ་གྲྭ་དེ་སྲིད་གཞུང་དང་སློབ་གསོ་ལས་ཁུངས་ཀྱིས་ཆོག་མཆན་མེད་པའི་ཁྲིམས་འགལ་གྱི་སློབ་གྲྭ་གཉེར་བར་ངོས་འཛིན་གྱིས་བརྡ་ཐོ་དེ་འབྱོར་བའི་ཉིན་ནས་སློབ་གྲྭ་དེ་སྒོ་རྒྱག་དགོས་པའིི་བཙན་བཀའ་བཏང་ཡོད་ཀྱང་། དེ་མ་ཐག་ས་གནས་བོད་མི་དང་སློབ་ཕྲུག་གི་ཕ་མ་ཚོས་སློབ་གྲྭ་དེ་སྒོ་རྒྱབ་ཚེ་ལོ་ཆུང་སློབ་ཕྲུག་དེ་དག་རྒྱང་ཐག་སྤྱི་ལེ་༡༧ཙམ་གྱི་སར་ཡོད་པའི་གཞུང་གི་བསེ་ཆང་སློབ་གྲྭར་བསྐྱོད་དགོས་པ་དང། དེ་འདྲ་བྱུང་ཚེ་ལོ་ན་༦ནས་༩བར་གྱི་ལོ་ཆུང་དེ་དག་ལ་གནམ་གཤིས་དང་ཆ་རྐྱེན་སོགས་ཀྱི་དཀའ་ངལ་ཡོད་པས། ས་གནས་སུ་གཞུང་གིས་སློབ་གྲྭར་ཉར་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་དང་། ཡང་ན་སློབ་ཕྲུག་ཚོར་འགྲིམ་འགྲུལ་སོགས་གྱི་མཐུན་རྐྱེན་བསྐྲུན་དགོས་བའི་ཞུ་འབུལ་དང་མཉམ་དེ་ལྟར་མ་བྱུང་ཚེ་ལོ་ཆུང་སློབ་ཕྲུག་ཚོ་ཆུ་ཚོད་གསུམ་ཙམ་རྐང་ཐང་འགྲོ་དགོས་པའི་སློབ་གྲྭར་མངགས་མི་ཕོད་པ་སོགས་ཀྱི་ཞུ་འབུལ་བྱས་འདུག དེའི་ཐད་བོད་ནང་གི་དྲ་ལམ་གསར་ལམ་ཁག་གིོས་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ས་གནས་ལ་བསྐྱོད་སྐབས་གནས་ཚུལ་དེ་ཐག་གཅོད་ཡག་པོ་བྱུང་མེད་པའི་རྩད་ཞིབ་གནས་ཚུལ་སྤེལ་ཡོད་པ་རེད།
གནས་ཚུལ་ལྟར་ན། ༢༠༠༨ ལོར། ཡ་རྫི་རྫོང་གི་ཁྱུང་ཉིན་གྲོང་སྡེར་སྔོན་ཆད་སློབ་ཆུང་ཞིག་ཡོད་པ་དེ་སློབ་གསོའི་བཅའ་བཀོད་ལེགས་སྒྲིག་བྱེད་སྐབས་གཞུང་གིས་མེད་པར་བཟོས་བ་དང་། དེའི་རྗེས་ས་གནས་སུ་སློབ་ཆུང་མེད་པའི་དཀའ་ངལ་རང་ལ་བརྟེན་རྒན་གཡང་མོ་སྐྱིད་ལགས་ཀྱིས་ས་གནས་བོད་མིའི་རེ་བ་དང་། མོ་རང་གི་ཕུགས་འདུན་ལྟར་ཁོང་མོའི་ཁེ་གཉེར་ཚོང་ཁང་གི་ཡོང་འབབ་ལ་བརྟེན་ནས་གཞུང་གི་སློབ་གྲ་མེད་པའི་བསེ་ཆང་ཁྱུང་ཉིན་སྡེ་བར་གྲ་སྒྲིག་འཛིན་གྲྭ་དང། གཞི་རིམ་འོག་མའི་འཛིན་གྲྭ་གཉིས་ལ་སློབ་མ་ཉི་ཤུ་རྩ་བཞི་ཡོད་པ་དེ་དག་ལ་བོད་ཡིག་དང།་རྒྱ་ཡིག རྩིས་རིག་སློབ་ཁྲིད་གནང་བཞིན་ཡོད་པ་བསྟོད་བསྔགས་ཀྱི་གནས་ཚུལ་འདྲ་མིན་བོད་ནང་གི་བརྒྱུད་ལམ་འདྲ་མིན་ལ་ཐོན་ཡོད།
གསར་འགོད་པ་ཀླུ་འབུམ།
གཡང་མོ་སྐྱིད་ཀྱི་ཁྱུང་ཉིན་སློབ་ཆུང་སྒོ་རྒྱག་མི་དགོས་པའི་ཞུ་འབུལ།
