༄༅༎རྒྱ་ནག་གི་དམག་དཔོན་ཤུ་ཙཡི་ཧུ་གཟའ་སྤེན་པ་ནས་འགོ་བཙུག་སྟེ་ཨ་མེ་རི་ཀར་གཟའ་འཁོར་གཅིག་རིང་བལྟ་བསྐོར་བྱ་རྒྱུ་ཡིན་འདུག་ཅིང་འདི་ནི་དམག་སྟོབས་ཆེ་བའི་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་པའི་མཚོན་རྟགས་ཞིག་ཡིན་ལུགས་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
དམག་དཔོན་ཤུ་ནི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་རིམ་པ་གཉིས་པའི་གྲས་ཤིག་ཡིན་ཞིང་ཁོང་ནི་འདས་པའི་ལོ་མང་གི་རྗེས་རྒྱ་ནག་གི་དྲག་པོའི་དཔོན་རིགས་ཨ་མེ་རི་ཀའི་ནང་བལྟ་བསྐོར་དུ་བསྐྱོད་མཁན་མཐོ་ཤོས་དེ་ཆགས་ཡོད་པ་དང་འདིས་ད་ལོ་ཤར་རྒྱ་ནག་གི་རྒྱ་མཚོའི་ཁུལ་དུ་ཡུལ་གྲུ་གཉིས་དབར་ཕྲན་བུའི་རྩོད་རྙོག་བྱུང་བའི་དཀའ་ངལ་དེ་དག་སེལ་བཞིན་ཡོད་པའི་མཚོན་རྟགས་ཞིག་ཡིན་པ་རེད།
དམག་སྤྱི་ཤུ་གཟའ་མིག་དམར་ཉིན་ཨ་མེ་རི་ཀའི་བདེ་སྲུང་དྲུང་ཆེ་རོ་སྦ་ཌི་གེཏ་སི་དང་མཇལ་འཕྲད་གནང་རྒྱུ་ཡིན་ཞིང་དེ་རྗེས་ཨ་མེ་རི་ཀའི་དམག་དོན་རྟེན་གཞི་ཁག་ཅིག་ལ་བལྟ་བསྐོར་གནང་རྒྱུ་ཡིན་འདུག
དམག་སྤྱི་ཤུའི་བལྟ་བསྐོར་འདི་བཞིན་ཨ་མེ་རི་ཀའི་སྲིད་འཛིན་ཨོ་སྦ་མ་ཟླ་བ་རྗེས་མའི་ནང་རྒྱ་ནག་ཏུ་འཚམས་གཟིགས་སུ་མ་ཕེབས་པའི་སྔོན་བྱུང་བ་དེས་སྲིད་འཛིན་རྒྱ་ནག་ཏུ་ཕེབས་སྐབས་ཨ་རི་དང་རྒྱ་ནག་གི་དམག་དོན་འབྲེལ་བའི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པའི་མཚོན་དོན་ཞིག་ཀྱང་ཡིན་འདུག་ལ་གནད་དོན་དབྱེ་ཞིབ་པ་ཚོས་ཨ་མེ་རི་ཀ་དང་རྒྱ་ནག་དབར་ཆབ་སྲིད་ཀྱི་འབྲེལ་ལམ་ཚད་མཐོ་པོར་སླེབས་ཐུབ་ཡོད་ན་ཡང་དམག་དོན་འབྲེལ་ལམ་ད་དུང་ཕན་ཚུན་དྭོགས་པ་རྣམ་རྟོག་ཆེ་བའི་རང་བཞིན་ཞིག་གི་ཐོག་གནས་མུས་ཡི་ནཔ་བརྗོད་བཞིན་ཡོད་པ་རེད།