དཔོན་རིཊ་གསུམ་གདུག་རྩུབ་ཆེན་པོས་དམར་བསད་བཏང་འདུག
2014.05.15

སྲིད་འཛིན་ཤིན་ཅང་ལ་གཟིགས་སྐོར་སྐབས་ཁུལ་དེའི་རྒྱ་ནག་གི་དཔོན་རིཊ་གསུམ་གདུག་རྩུབ་ཆེན་པོས་དམར་བསད་བཏང་ཡོད་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་བ་སྔོན་མར་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་ཤིན་ཅང་ས་ཁུལ་དུ་གཟིགས་སྐོར་ཕེབས་སྐབས་ས་གནས་རྒྱ་ནག་གི་རྒྱ་རིགས་དཔོན་པོ་མཐོ་གྲས་གསུམ་གདུག་རྩུབ་ཆེན་པོས་དམར་བསད་བཏང་ནས་ཕུང་པོ་རྣམས་རྫིང་བུ་ཞིག་ནང་གཡུག་ཡོད་ལུགས་ས་གནས་དཔོན་རིགས་དང་ཉེན་རྟོག་པས་གནས་ཚུལ་ཕྱི་བསྒྲགས་བྱས་འདུག དེ་ནི་སྤྱི་ཟླ་བཞི་པའི་ཚེས་༢༧ཉིན་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་ཤིན་ཅང་གི་རྒྱལ་ས་ཨུ་ལོའུ་མུ་ཆིའི་ནང་ཉིན་བཞིའི་རིང་གཟིགས་སྐོར་དུ་ཕེབས་རྒྱུའི་ཉིན་གཅིག་གི་སྔོན་རྒྱ་རིགས་དཔོན་རིགས་བཞི་ས་གནས་ཀྱི་མཚོ་ཆུང་འགྲམ་ལ་ཉ་འཛིན་པར་བསྐྱོད་སྐབས་དཔོན་རིགས་གཉིས་ཀྱི་མགྲིན་པ་གྲིས་བཅད་ནས་བསད་ཡོད་པ་དང་། གཅིག་ལ་གྲི་ཐེངས་༣༡རྒྱབ་ནས་དམར་བསད་བཏང་ཡོད་པ་རེད། གཞན་དཔོན་རིགས་གཅིག་པུ་དེས་ཁོང་གི་རོགས་པ་གསུམ་པོ་མ་རྙེད་སྟབས་ས་གནས་ཉེན་རྟོག་ལས་ཁུངས་ལ་ཞུ་གཏུགས་བྱས་རྗེས་རྕད་ཞིབ་བྱས་བ་བརྒྱུད་ཁོང་གསུམ་གྱི་ཕུང་པོ་རྫིང་བུ་ཞིག་གི་ནང་ནས་རྙེད་ཡོད་ལུགས་Janggilieski གྲོང་ཁྱེར་གྱི་ས་གནས་ཉེན་རྟོག་པའི་འགོ་ཁྲིད་གཞོན་པ་Enver Tursunལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་གསུང་ས་འདུག
དམར་བསད་བཏང་བའི་དཔོན་རིགས་གསུམ་པོ་ནི་ལོ་ན་༣༨ནས་༤༥བར་ཡིན་པ་དང་། འདས་པའི་ཉིན་གྲངས་༡༥ཙམ་ཀྱི་རིང་མི་གསོད་ལག་དམར་གྱི་དོགས་གཞི་ཡོད་པའི་མི་༡༥༠ཙམ་ལ་འདྲི་ཞིབ་བྱས་ཡོད་པ་དང་། དེའི་ནང་ནས་མང་པོ་ཞིག་ད་དུང་བཀག་ཉར་འོག་འདྲི་ཞིབ་བྱེད་བཞིན་ཡིན་འདུག
དེ་བཞིན་སྲིད་འཛིན་ཞེ་ཡི་གཟིགས་སྐོར་མཇུག་བསྒྲིལ་བའི་སྐབས་ཨུ་ལོའུ་མུ་ཆིའི་མེ་འཁོར་འབབ་ཚུགས་ལ་འབར་གས་ཀྱི་དོན་རྐྱེན་བྱུང་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།
2014-05-12
དྲ་ལམ་ལ་དྲག་སྤྱོད་དང་འབྲེལ་བའི་གཟུགས་མཐོང་བརྙན་པར་བཀྲམ་པར་རྒྱ་ནག་གིས་མི་གྲངས་༢༠༠ལྷག་འཇུ་བཟུང་བྱས་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་Global Times ཞེས་པའི་གསར་ཤོག་གིས་དེ་རིང་གནས་ཚུལ་སྤེལ་དོན་ལྟར་ན། དེ་སྔོན་ཤིན་ཅང་ཞེས་པའི་ཤར་ཏུར་ཀིས་ཐན་ནང་གི་མེ་འཁོར་འབབ་ཚུཊ་ཤིག་ལ་འབར་རྫས་བཞག་པའི་གནས་ཚུལ་བྱུང་རྗེས། རྒྱ་ནག་གིས་དྲ་རྒྱ་བརྒྱུད་ནས་གཟུགས་མཐོང་བརྙན་པར་ཐོག་དྲག་སྤྱོད་འཚེ་བའི་ལས་དར་སྤེལ་བཏང་བ་དང་། དེ་བཞིན་འཁྱེར་སྤྱོད་བདེ་བའི་ཡོ་ཆས་བརྒྱུད་ནས་དྲག་སྤྱོད་དར་ཁྱབ་བཏང་བའི་ཉེས་མིང་འོག་མི་གྲངས་༢༣༢་འཛིན་བཟུང་བྱས་པའི་གནས་ཚུལ་སྤེལ་ཡོད་པ་དང་། དེ་ནི་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ནས་བཟུང་ཤར་ཏུར་ཀིས་ཐན་ནང་དྲག་སྤྱོད་འཚེ་བའི་ལས་དང་འབྲེལ་ཡོད་སྐོར་གྱི་གནས་ཚུལ་ཁག་དྲ་རྒྱ་ཁག་ནས་བལྟ་ཀློག་མི་ཆོག་པ་དང་། དྲག་སྤྱོད་དང་འབྲེལ་བ་ཡོད་པའི་བརྙན་པར་ཁག་ཀྱང་འགྲེམས་སྤེལ་མི་ཆོག་པའི་དམ་བསྒྲགས་བཀག་སྡོམ་བྱས་པ་བརྒྱུད་འཛིན་བཟུང་བྱས་བ་ཡིན་པར། ས་གནས་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཤར་ཏུར་ཀིས་ཐན་གྱི་ཕྱི་ནང་གཉིས་ཀའི་ས་ཁུལ་ཁག་ནང་དྲག་ཟིང་གི་གནས་ཚུལ་རིམ་པ་མང་པོ་བྱུང་བ་ཁག་ནི་ཤར་ཏུར་ཀིས་ཐན་ཁུལ་གྱི་ཁ་བྲལ་རིང་ལུཊ་པ་ཚོར་ལེ་ཁག་ཡོད་པའི་ནག་ཉེས་བཙུཊ་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་བསོད་ནམ་ལྷ་མོ།
2014-05-01
ཕྱི་ཟླ་བཞིའི་ཚེས་༣༠ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆིའི་རི་ལིའི་འབབ་ཚུགས་སུ་རང་ཉིད་ཀྱི་ལུས་ལ་འབར་རྫས་འཁྱེར་ནས་འབར་རྫས་གས་གཏོར་གྱིས་མི་གྲངས་གསུམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་༧༩རྨས་སྐྱོན་ཕོག་ཡོད་ཅིང་། རྐྱེན་འདས་སུ་ཕྱིན་པའི་མི་གསུམ་པོ་ནས་གཉིས་འབར་རྫས་གས་གཏོར་གཏོང་མཁན་ཡིན་པ་དང་། དེ་མིན་གཅིག་འགྲུལ་པ་ཡིན་ལུགས་དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་ཚགས་ཤོག་གིས་གནས་ཚུལ་སྤེལ་འདུག གནས་ཚུལ་དེའི་ནང་འཁོད་པར་གཞིགས་ན། འབར་རྫས་གས་གཏོར་གཏོང་མཁན་གྱིས་མེ་འཁོར་འབབ་ཚུགས་ཀྱི་འགྲུལ་པ་སྒུག་སྡོད་བྱེད་མཁན་ཚོའི་ཁྲོད་གྲི་གང་བྱུང་རྒྱབ་པ་དང་། དེའི་རྗེས་འབར་རྫས་གས་གཏོར་བཏང་ལུགས་དང་། ད་རེས་ཤིན་ཅང་གི་མེ་འཁོར་འབབ་ཚུགས་སུ་འབར་རྫས་གས་གཏོར་བཏང་བ་དེ་ནི་འདས་པའི་ལོ་ངོ་༡༧ཙམ་ནང་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆིའི་ནང་འབར་རྫས་གས་གཏོར་བཏང་བའི་གནས་ཚུལ་ཐོན་པ་ཐོག་མ་དེ་ཡིན། འབར་རྫས་གས་གཏོར་བཏང་མཁན་གྱིས་མེ་འཁོར་འབབ་ཚུགས་སུ་རྒྱ་རིགས་འཕོན་ཆེ་གནས་སྡོད་བྱེད་སའི་ཤིན་ཅང་ས་གནས་ནས་ཡོང་བའི་རི་ལི་བབས་ཚུགས་སུ་སླེབས་མ་ཐག་འབར་རྫས་གས་གཏོར་བཏང་ཡོད་ལུགས་འཁོད་ཡོད་འདུག ད་དུང་ཁ་ས་ཕྱི་དྲོ་ཨུ་རུམ་ཆིའི་མེ་འཁོར་འབབ་ཚུགས་སུ་བྱུང་བའི་འབར་གས་ཀྱི་དོན་རྐྱེན་དེ་འཇིགས་སྐུལ་དྲག་སྤྱོད་ཀྱི་དོན་རྐྱེན་ཞིག་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་ཡོད་ཅིང་། འབར་གས་ཀྱི་དོན་རྐྱེན་བྱུང་བའི་སྐབས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ཤིན་ཅང་ནང་གི་ལས་དོན་གཟིགས་སྐོར་མཇུག་བསྒྲིལ་ཙམ་ཡིན་པ་དང་། ཞེ་ཅིན་ཕེན་གིས་འབར་གས་ཀྱི་དོན་རྐྱེན་དེའི་ཐོག་སྲིད་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ལ་རྡུང་རྡེག་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་གཏམ་བཤད་སྤེལ་ཡོད་པ་རེད། དོན་རྐྱེན་བྱུང་རྗེས་རྒྱ་ནག་གཞུང་ཕྱོགས་ནས་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་དང་ དམིགས་བསལ་མེ་འཁོར་འབབ་ཚུགས་སུ་ཉེན་རྟོག་པ་འཕོན་ཆེ་འགྲེམས་འཇོག་བྱས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འགྲུལ་པ་ཚོར་ཡང་ཞིབ་བཤེར་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་ཡོད་འདུག
གསར་འགོད་པ་འཆི་མེད།
2014-04-30
རྒྱ་ནག་གི་སྲིད་འཛིན་གྱི་གཟིགས་སྐོར་ཉིན་མཐའ་མའི་ཉིན་ཤར་ཏུར་ཀིསི་ཐན་གྱི་ལྟེ་བའི་གྲོང་ཁྱེར་ལ་འབར་རྫས་གས་གཏོར་བྱུང་འདུག
དེ་ཡང་ཚེས༣༠ཉིན་BBC གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས༣༠ཉིན་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ཤར་ཏུར་ཀིསི་ཐན་དུ་རྟོགས་ཞིབ་གཟིགས་སྐོར་བྱེད་པའི་ཉིན་མཐའ་མར། ཤར་ཏུར་ཀིསི་ཐན་གྱི་ལྟེ་བའི་གྲོང་ཁྱེར་ཝོའུ་ལུའུ་མུའུ་ཆིའི་མེ་འཁོར་འབབ་ཚུགས་སུ་གློ་བུར་འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་ཡོད་པ་དང་། ད་ལྟ་འབར་གས་བྱུང་སའི་ཁུལ་དུ་མྱུར་སྐྱོབ་མོ་ཊ་དང་། ཉེན་རྟོག་པ་མང་པོ་སླེབས་ནས་མི་ཚོགས་ཁ་གྲམ་རུ་བཅུག་པ་དང་། མེ་འཁོར་གྱི་ལག་འཛིན་བཙོང་མཚམས་བཞག་པ། རྨས་མ་རྣམས་སྨན་ཁང་དུ་སྐྱེལ་བཞིན་པའི་གནས་སྟངས་ཙམ་ལས་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཁ་གསལ་མེད་པ་དང་། འབར་གས་འབྱུང་རྐྱེན་ཇི་ཡིན་བརྟག་དཔྱད་བྱེད་བཞིན་པ་རེད་འདུག
རྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཤོག་ནང་། སྲིད་འཛིན་Xi Jinping༢༠༡༢ལོར་རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པའི་འགོ་ཁྲིད་ཆགས་པ་ནས་བཟུང་ཤར་ཏུར་ཀིསི་ཐན་དུ་བལྟ་སྐོར་ལ་འབྱོར་བ་ད་རེས་ཐེངས་དང་པོ་དེ་ཡིན་པ་དང་། ཁོང་གིས་ཁུལ་དེའི་གྲོང་ཁྱེར་Kashgarནང་གི་བདེ་སྲུང་དཔོན་རིགས་ཚོར་འཇིགས་སྐུལ་དྲག་སྤྱོད་པ་དང་། ཟིང་འཁྲུག་སློང་མཁན་ཚོའི་ཐོག་ཁྲིམས་གཅོད་ནན་པོ་ལག་ལེན་བསྟར་རྒྱུ་ཤིན་ཏུ་དགོས་གལ་ཆེན་པོ་ཡིན་པས། འཇིགས་སྐུལ་དྲག་སྤྱོད་པའི་ཐོག་ཁྲིམས་གཞི་ནན་པོ་ལག་བསྟར་དགོས་པ་དང་། གྲངས་ཉུང་མི་རིགས་མཉམ་བསྲེས་བྱ་རྒྱུའི་ལས་དོན་ཤུགས་ཆེ་རུ་གཏོང་དགོས་པའི་ལམ་སྟོན་གནང་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས་དང་རིག་ལྡན་སྒྲོལ་མ།