ཟི་ལིང་གྲོང་ཁྱེར་ནང་གློ་བུར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པའི་གྲངས་ཀ་འཕར་འདུག

2022.05.11
ཟི་ལིང་གྲོང་ཁྱེར་ནང་གློ་བུར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པའི་གྲངས་ཀ་འཕར་འདུག བཀག་སྡོམ་འོག་གི་ཟི་ལིང་གྲོང་ཁྱེར། ༥།༢༠༢༢
བོད་འབྱོར།/RFA

དེ་ཡང་གནས་ཚུལ་ལྟར་ན། ཉེ་བའི་ཉིན་ཤས་ནང་ཟི་ལིང་གྲོང་ཁྱེར་ནང་གློ་བུར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པའི་གྲངས་ཀ་འཕར་ནས། འདི་ཚེས་༡༡ཉིན་བར་ནད་པ་འཕར་བའི་གྲངས་འབོར་༩༠བརྒལ་བར་བརྟེན། ཡང་བསྐྱར་ཟི་ལིང་གྲོང་ཁྱེར་གྱི་ལས་ཁུངས་དང་སློབ་གྲྭ་ཁག་ཚང་མ་སྒོ་རྒྱབ་ནས་ཕར་ཚུར་འགྲོ་བསྐྱོད་འགྲུལ་བཞུད་བཀག་སྡོམ་བྱས་བ་དང་། གྲོང་མི་ཚང་མ་དུས་ཚོད་ནང་ཁུལ་སོ་སོའོ་ས་ཁོངས་ནས་ནད་རྟགས་ཡོད་མེད་ངེས་བར་དུ་བརྟག་དཔྱད་བྱེད་དགོས་བའི་བརྡ་ཐོ་བཏང་ཡོད་འདུག
ས་གནས་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ན། ཉེ་ལམ་སྤྱི་ཟླ་བཞི་བའི་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྐྱེན་ཟི་ལིང་གྲོང་ཁྱེར་ཡོངས་སུ་སྒོ་རྒྱབ་པ་ཟླ་༥བའི་ཚེས་༡ཉིན་སྒོ་ཕྱེ་ཡོད་ཀྱང་། ཉེ་བའི་ཉིན་ཤས་ནང་གློ་བུར་དུ་ནད་པའི་གྲངས་འབོར་སྔར་ལས་མང་བ་འཕར་བར་བརྟེན་ཡང་བསྐྱར་འགྲོ་བསྐྱོད་འགྲུལ་བཞུད་བཀག་སྡོམ་བྱས་སོང་བ་འགྲེལ་བརྗོད་གནང་བྱུང་།

Xining (3).jpgརྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཕྱི་ཟླ་༥བའི་ཚེས་༦ཉིན་ནས་ཚེས་༡༡བར་རིམ་པས་ཟི་ལིང་གྲོང་ཁྱེར་དུ་བསྡོམས་ཏོག་དབྱིབས་རིམས་ནད་དང་རྣམ་པ་འགྱུར་བའི་རིམས་ནད་ཀྱི་ནད་རྟགས་ཡོད་པ་ནད་པ་༩༤ཐོན་པ་ཡོད་པར་བརྟེན། སྤྱི་ཚེས་༡༠་ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་དང་། གྲོང་ཁྱེར་གྱི་ཏ་ཐུང་རྫོང་། སྟོང་སྐོར་རྫོང་། མཁར་ཤར་ཁུལ། མཁར་དཀྱིལ་ཁུལ། མཁར་ནུབ་ཁུལ། མཁར་བྱང་ཁུལ། ཧོང་ཀྲུང་ཁུལ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁོངས་གཏོགས་སྲིད་འཛིན་ས་ཁོངས་བཅས་ཁོངས་ཡོངས་སུ་གཟབ་ནན་དང་བྲེལ་འཚུབ་ཀྱི་རིམས་འགོག་བྱེད་ཐབས་སྤྱོད་རྒྱུའི་ཐག་བཅད་པ་དང་། ལས་ཁུངས་ཁག་སྒོ་རྒྱབ་ནས་ཁྱིམ་སྡོད་གཞུང་སྒྲུབ་ལས་ཀ་ལག་བསྟར་བྱ་དགོས་པ། འགྲིམ་འགྲུལ་བཀག་སྡོམ་དང་འདུ་འཛོསམ་ཚོད་འཛིན་བྱས་ནས། རྫོང་དང་ཁུལ་སོ་སོའི་རིམས་ནད་སྔོན་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་ལས་ཁུངས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་ཁུལ་རང་ས་ནས་བརྟག་དཔྱད་ལ་ཞུགས་དགོས་པ། གྲོང་མི་ཚོ་སྨན་པ་བསྟེན་གཏུག་སོགས་ཛ་དྲག་ཡོད་ན་མ་གཏོགས་ཕྱི་རུ་བསྐྱོད་མི་ཆོག་པ་དང་། ཛ་དྲག་རིགས་ཀྱིས་སོ་སོ་གནས་སྡོད་བྱ་ཡུལ་གྱི་སྡེ་ཁུལ་དུ་ཐོ་འགོད་སྙན་སེང་ཞུ་དགོས་བ་དང་། སྡེ་ཁུལ་གྱིས་གོང་རིམ་ལ་སྙན་སེང་ཞུ་དགོས་བ་སོགས་ཀྱི་བརྡ་ཁྱབ་བཏང་འདུག
གཞན་མཚོ་སྔོན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དུ་ཡང་ཏོག་དབྱིབས་རིམས་ནད་དང་རྣམ་པ་འགྱུར་བའི་རིམས་ནད་ཀྱི་ནད་རྟགས་ཡོད་པའི་ནད་པ་༣ཐོན་པ་དང་། དེ་ནི་རྩེ་ཁོག་རྫོང་དུ་ད་བར་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་ཐོན་པ་ཐོག་མ་ཡིན་འདུག རྒྱ་ནག་གཞུང་གིས་ཟི་ལིང་དང་རྩེ་ཁོག་སོགས་སུ་ནད་པ་ཐོན་པའི་གྲངས་ཀ་དང་མཉམ་ཁོང་ཚོ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་སྤེལ་བ་ལས། ཁོང་ཚོའི་གནས་སྟངས་དང་ནད་པ་འདས་གྲོངས་སུ་སོང་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པ་རེད།

གསར་འགོད་པ། ཀླུ་འབུམ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎