སྲིད་འཛིན་ཞི་ཅིན་ཕིང་གིས་ལྷོ་ཤར་ཨེ་ཤེ་ཡའི་ནང་རྒྱལ་དོན་ཕྱོགས་སྐྱོད་བྱེད་བཞིན་པ་ནི་རྒྱལ་ཁབ་དེ་དག་རྒྱ་ནག་ཕྱོགས་སུ་འགུག་ཐབས་ཆེད་ཡིན་པ། ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག

2025.04.14
སྲིད་འཛིན་ཞི་ཅིན་ཕིང་གིས་ལྷོ་ཤར་ཨེ་ཤེ་ཡའི་ནང་རྒྱལ་དོན་ཕྱོགས་སྐྱོད་བྱེད་བཞིན་པ་ནི་རྒྱལ་ཁབ་དེ་དག་རྒྱ་ནག་ཕྱོགས་སུ་འགུག་ཐབས་ཆེད་ཡིན་པ། ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལྷོ་ཤར་ཨེ་ཤེ་ཡའི་གཞུགས་འབྲེལ་ཕྱགོས་བསྐྱོད་སྐབས། ༢༠༢༥།༠༤།༡༤ ཉིན།
Reuters

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ལྷོ་ཤར་ཨེ་ཤེ་ཡའི་ཝི་ཏི་ནམ་རྒྱལ་ཁབ་ཏུ་འབྱོར་ཏེ། ལྷོ་ཤར་ཨེ་ཤེ་ཡའི་ནང་གི་དཔལ་འབྱོར་དང་ཕྱིར་ཚོང་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པའི་ཝི་ཏི་ནམ་རྒྱལ་ཁབ་དང་། མཱ་ལེ་ཤེ་ཡ། ཁེམ་བྷོ་ཌི་ཡ་བཅས་ཀྱི་ནང་རྒྱལ་དོན་ཕྱོགས་སྐྱོད་འགོ་འཛུགས་བྱས་པ་ནི། ཨ་མི་རི་ཀ་དང་རྒྱ་ནག་དབར་ཕན་ཚུན་གྱི་ཕྱིར་ཚོང་གི་ཅ་ལག་གི་ཐོག་སྒོ་ཁྲལ་སྤར་རེས་ཀྱིས་ཚོང་དམག་ཤུགས་ཆེ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་བར། གལ་གནད་ཆེ་ཤོས་ཀྱི་ཕྱི་འབྲེལ་ཕྱོགས་བསྐྱོད་ཅིག་ཡིན་པ་རྒྱ་ནག་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཚོས་བཤད་ཡོད་ཅིང་། ཨ་མི་རི་ཀས་རྒྱལ་ཁབ་མང་པོ་ཞིག་ལ་སྒོ་ཁྲལ་སྤར་བའི་ཁོངས་ནས་ཝི་ཏི་ནམ་ལ་བརྒྱ་ཆ་ ༤༦ དང་ཁེམ་བྷོ་ཌི་ཡ་ལ་བརྒྱ་ཆ་ ༤༩ སྒོ་ཁྲལ་སྤར་ཡོད་པར་བརྟེན། རྒྱ་ནག་སྲིད་འཛིན་གྱིས་རེས་གཟའ་ཟླ་བའི་ཉིན། ཝེཊ་ནམ་གྱི་ལྕགས་ལམ་འཛུགས་སྐྲུན་གྱིས་མཚོན་པའི་ཚོང་དོན་སྣ་མང་གི་ཐད་མཉམ་རུབ་དང་མ་འཇོག་གི་ཆོད་ཡིག་འཇོག་རྒྱུའི་ཚོད་དཔག་བྱེད་བཞིན་པའི་སྐབས་འདིར། སྲིད་དོན་དང་འཕྲུལ་ལས་སྐོར་ཉམས་ཞིབ་པ་བོད་མི་མང་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ཀྱིས། རྒྱ་ནག་དང་ཨ་མི་རི་ཀའི་དབར་ཚོང་དམག་ཤུགས་ཆེ་ལངས་ཏེ་ད་ཡོད་ཀྱི་འཛམ་གླིང་གི་ལམ་སྲོལ་ཐོག་འགྱུར་བ་ཤུགས་ཆེ་འགྲོ་ཉེན་ཆེ་བའི་དུས་འདིར། རྒྱ་ནག་གཞུང་གིས་ལྷོ་ཤར་ཨེ་ཤེ་ཡ་དང་ཨ་ཧྥི་རི་ཀ་སོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་སོ་སོའི་ཕྱོགས་སུ་བཀུགས་ཏེ་དཔུང་གདང་སྒྲིག་རྩིས་བྱེད་བཞིན་པར་ངོས་འཛིན་གནང་གི་འདུག

རྒྱ་ནག་གཞུང་གིས་ཀྱང་ཨ་མི་རི་ཀ་ནས་ནང་འདྲེན་གྱི་ཅ་ལག་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༢༥ སྤར་ཡོད་པ་དང་མཚུངས། རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀས་རྒྱ་ནག་གི་ཅ་ལག་སྟེང་བཀལ་བའི་སྒོ་ཁྲལ་བརྒྱ་ཆ་ ༡༤༥ ཡོངས་རྫོགས་ཕྱིར་འཐེན་བྱ་དགོས་པའི་སྐུལ་མ་བཏང་ཡོད་ལ། ཝེཊ་ནམ་གཞུང་ལ་མཚོན་ན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཁོ་ཚོའི་རྒྱལ་ཁབ་ཏུ་རྒྱལ་དོན་ཆེད་ཡོང་བ་ནི། གནས་བཟོད་མི་བདེ་བ་དང་བྱེད་སྟངས་མི་ཤེས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་སྟེ། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀ་ཝེཊ་ནམ་གཞུང་གི་ཚོང་རོགས་ཆེ་ཤོས་ཆགས་ཡོད་པའི་ཁར། ཨ་མི་རི་ཀ་ནི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ཕྱིར་ཚོང་གི་ཁྲོམ་ར་གལ་ཆེན་ཞིག་དང་། ལྷག་པར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྩོད་རྙོག་ཅན་གྱི་ས་མཚམས་ཁག་ཏུ་རྒྱ་ནག་གཞུང་གིས་དཔུང་ངོམས་དང་ཧམ་འཛུལ་ཅི་ཆེ་བྱེད་བཞིན་པར། དབང་ཤུགས་དོ་སྙོམས་དང་རྒྱ་ནག་འགོག་རྒོལ་གྱི་ཆེད་དུ་ཨ་མི་རི་ཀ་དེ་བཞིན། ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་དུ་ཧ་ཅང་གལ་ཆེན་ཆགས་ཡོད་པ་རེད།

འོན་ཀྱང་ཝེཊ་ནམ་རྒྱལ་ཁབ་ཀྱིས་ཨ་མི་རི་ཀར་ཕྱིར་ཚོང་ཅ་ལག་གི་རིན་འབབ་ཀྱིས་རྒྱལ་ཁབ་དེའི་ལོ་རེའི་ཐོན་འབབ་ཀྱི་བརྒྱ་ཆ་ ༣༠ ཙམ་ཟིན་ཏེ། ཨ་མི་རི་ཀས་སྒོ་ཁྲལ་སྤར་བ་ལ་བརྟེན་ནས་དཔལ་འབྱོར་ཉམས་ཆག་ཤུགས་ཆེ་བཏང་ཡོད་པས། ཝེཊ་ནམ་གཞུང་གི་སྲིད་བློན་གཞོན་པ་ (Ho Duc Phoc) ལགས་ཝ་ཤིན་ཊོན་དུ་ཕྱོགས་བསྐྱོད་ཀྱིས། ཨ་མི་རི་ཀས་སྒོ་ཁྲལ་་ཕྱིར་འཐེན་གནང་ཚེ་ཝེཊ་ནམ་གཞུང་གིས་ཨ་མི་རི་ཀ་ནས་བདེ་སྲུང་དང་འབྲེལ་བའི་ཅ་ལག་མང་པོ་ཞིག་ཉོ་རྒྱུ་ཡིན་པའི་ཁས་ལེན་གོ་བསྡུར་གནང་བཞིན་པ་དང་། ཁེམ་བྷོ་ཌི་ཡ་དང་མཱ་ལེ་ཤེ་ཡ་གཉིས་ཀྱིས་ཀྱང་ཨ་མི་རི་ཀ་དང་སྒོ་ཁྲལ་ཕྱིར་འཐེན་ཐོག་གྲོས་མོལ་གནང་བཞིན་པ་མ་ཟད། ཁེམ་བྷོ་ཌི་ཡ་ལ་མཚོན་ན་ཨ་མི་རི་ཀར་ཕྱིར་ཚོང་ཅ་ལག་གིས་རྒྱལ་ཁབ་ཀྱི་ལོ་རེའི་ཐོན་འབབ་ཀྱི་བརྒྱ་ཆ་ ༢༥ ཟིན་ཡོད་པ་མ་ཟད། མི་འབོར་བདུན་འབུམ་ལྔ་ཁྲི་བརྒལ་བས་ཨ་མི་རི་ཀར་ཕྱིར་ཚོང་གི་གྱོན་གོས་བཟོ་གྲྭའི་ནང་ལས་ཀ་བྱེད་བཞིན་པ་སོགས་ཀྱིས། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཕལ་མོ་ཆེས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་གང་གི་ཕྱོགས་སུའང་མི་ལངས་པར། རྒྱ་ནག་དང་ཨ་མི་རི་ཀའི་དབང་ཤུགས་འགྲན་རྩོད་ཀྱི་ནང་མི་ཚུད་པའི་གཡོལ་ཐབས་ཁོ་ན་བྱེད་བཞིན་པ་ཡིན་ཅིང་། ཞི་ཅིན་ཕིང་གིས་སྔ་ལོའི་ཟླ་ ༡༢ པའི་ནང་ཝེཊ་ནམ་དུ་གཞུང་དོན་བལྟ་སྐོར་བྱས་ཡོད་ནའང་། ཁེམ་བྷོ་ཌི་ཡ་ནང་མ་ཕྱིན་པར་ལོ་དགུ་དང་མཱ་ལེ་ཤེ་ཡའི་ནང་མ་སོང་བར་ལོ་བཅུ་གཉིས་འགོར་ཡོད་འདུག

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎