བོད་དོན་ལ་སེམས་འཚབ་ཡོད་པའི་རྣམ་འགྱུར་འདོན་འཇུག་མིན།
2015.10.13
དབྱིན་ཇིའི་རྒྱལ་སྲས་མཆོག་གིས་བོད་དོན་ལ་སེམས་འཚབ་ཡོད་པའི་རྣམ་འགྱུར་དབྱིན་ཇིའི་གཞུང་གིས་འདོན་འཇུག་མིན་གྱི་གནད་དོན་གླེང་འདུག
དེ་ཡང་གཟའ་འཁོར་རྗེས་མར་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་དབྱིན་ཡུལ་དུ་རྒྱལ་དོན་འཚམས་གཟིགས་གནང་པའི་སྐབས། རྒྱ་ནག་གིས་བོད་ཐོག་དྲག་གནོན་བྱེད་བཞིན་པར་དབྱིན་ཇིའི་རྒྱལ་སྲས་ཅརལསི་ཡིས་སེམས་འཚབ་ཡོད་པའི་རྣམ་འགྱུར་དབྱིན་ཇིའི་གཞུང་གིས་འདོན་འཇུག་མིན་གྱི་གནད་དོན་འདི་ནི་རྒྱ་ནག་གི་སྲིད་འཛིན་གྱི་འཚམས་གཟིགས་སྐབས་ཀྱི་ཕྱི་འབྲེལ་སྲིད་ཇུས་དང་འབྲེལ་བའི་འགག་རྩའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་Forbes དཔལ་འབྱོར་གསར་ལས་ཁང་གིས་ཕྱི་ཟླ་༡༠ཚེས་༡༡ཉིན་གནས་ཚུལ་སྤེལ་ཡོད་པ་དང་།
གསར་ལས་ཁང་དེས་སྤེལ་བའི་གནས་ཚུལ་ནང་དབྱིན་ཇིའི་རྒྱལ་སྲས་ཅརལསི་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འབྲེལ་ཧ་ཅང་ཉེ་པོ་ཡོད་མཁན་ཞིག་ཡིན་པ་དང་། ཁོང་གིས་ད་བར་རྒྱ་ནག་གི་དཔོན་རིགས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ནམ་ཞིག་འཚམས་གཟིགས་སུ་ཕེབས་ཀྱང་གཡོལ་ཐབས་གནང་ཡོད་འདུག་ལ། གཟའ་འཁོར་རྗེས་མར་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་ལ་དབྱིན་ཇིའི་རྒྱལ་མོའི་ཕོ་བྲང་དུ་རྒྱལ་ཁབ་ཀྱི་གསོལ་སྟོན་གྲ་རྒྱས་ཞིག་བཤམ་སྟོན་སྐབས་སུ་ཡང་ཆེད་མངགས་གཡོལ་ཐབས་གནང་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ཉེ་བའི་དུས་སུ་དབྱིན་ཇིའི་གཞུང་གིས་རྒྱ་ནག་ལ་དཔལ་འབྱོར་གྱི་ཁེ་ཕན་ཆེད་འབྲེལ་ལམ་ཤུགས་ཆེ་བྱེད་བཞིན་ཡོད་ལ། རྒྱ་ནག་གིས་ཀྱང་དབྱིན་ཇིའི་དགོས་མཁོ་ངོས་བཟུང་སྟེ་དབྱིན་ཡུལ་ཐོག་དཔལ་འབྱོར་གྱི་དབང་ཤུགས་བེད་སྤྱོད་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། དབྱིན་ཇིའི་རྒྱལ་ཁབ་ཀྱི་ཆེ་ཐོངས་ལ་མཐོང་ཆུང་ཆེན་པོ་བྱེད་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད། དཔེར་ན་གཟའ་འཁོར་རྗེས་མར་རྒྱ་ནག་གི་སྲིད་འཛིན་ལ་དབྱིན་ཇིིའི་རྒྱལ་མོ་དབུ་ཞུགས་ཐོག་ Buckingham ཕོ་བྲང་ནང་གསོལ་སྟོན་བཤམས་པའི་སྐབས་རྒྱ་ནག་གི་སྲིད་འཛིན་གྱི་འཐུང་ཆུ་རྒྱ་ནག་ནས་འོར་འདྲེན་བྱ་རྒྱུ་ཡིན་པ་རྒྱ་ནག་གཞུང་གིས་བརྗོད་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་ཨ་རི་དང་དེ་མིན་གྱི་ཡུལ་གྲུ་ཁག་ཏུ་བསྐྱོད་སྐབས་སྔོན་འགྲོའི་ཆ་རྐྱེན་འདི་རིགས་བཏོན་པ་ཧ་ལམ་གོ་རྒྱུ་མེད་པ་ཞིག་ཡིན་པ་རེད། རྒྱ་ནག་གཞུང་གིས་དེ་ལྟར་བྱ་དགོས་དོན་ནི་རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ཐོག་དཔལ་འབྱོར་གྱི་སྟོབས་ཤུགས་ངོམས་སྟོན་བྱེད་པ་དང་དེ་བཞིན་ནུབ་ཕྱོགས་ཡུལ་གྲུ་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཞུ་བཞིན་པར་འཁོན་ལན་སློག་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།