རྒྱ་ནག་དང་ཧང་གྷ་རི་གཉིས་བར་དཔལ་འབྱོར་དང་རིག་གཞུང་འབྲེལ་ལམ་གྱི་གྲོས་མཐུན་ཁག་ཅིག་བཞག་འདུག

དེ་ཡང་ཧང་གྷ་རི་རྒྱལ་ཁབ་ཀྱི་སྲིད་བློན་(Victor Orban)་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་མཇལ་མོལ་གནང་བའི་རྗེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཕྱི་ལོ་༢༠༡༠ལོ་ནས་ཁོང་རང་ཉིད་ཀྱིས་ཧང་གྷ་རི་རྒྱལ་ཁབ་ཀྱི་སྲིད་བློན་གྱི་གོ་གནས་བཟུང་བ་ནས་བཟུང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་གནས་བབ་དེ་རྒྱུན་ཆད་མེད་པ་དང་བར་ཆད་མ་བྱུང་བ་དེར་བསྔགས་བརྗོད་དང་། རྒྱལ་ཁབ་ནང་རྒྱ་ནག་གི་ཚོང་གི་མ་རྩ་འཛུགས་རྒྱུ་མང་དུ་གཏོང་རྒྱུ་ཡིན་པའི་སྐོར་བརྗོད་ཡོད་པ་རེད་འདུག
ཧང་གྷ་རི་རྒྱལ་ཁབ་ནི་རྒྱ་ནག་གིས་ཡོ་རོབ་གླིང་ཆེན་ནང་ཚོང་གི་མ་འཛུགས་བྱེད་ཡུལ་ཆེ་ཤོས་དེ་ཡིན་ཞིང་། རྒྱལ་ཁབ་དེའི་ནང་རྒྱ་ནག་གི་གློག་ཤུགས་གློག་རྫས་བཟོ་གྲྭ་མང་དག་ཞིག་བཙུགས་ཡོད་པ་དང་། སྔ་ལོ་ཕྱི་ཟླ་༡༢བའི་ནང་ཡུལ་དེའི་ནང་རྒྱ་ནག་གི་འཛམ་གླིང་ནང་གི་གློག་འཁོར་མོ་ཀྲ་(BYD)་ཞེས་པའི་བཟོ་གྲྭ་ཆེ་ཤོས་གྲས་ཞིག་འཛུགས་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་མ་ཟད། ཡུལ་དེའི་ནང་རྒྱ་ནག་གི་བརྒྱུད་ཅིག་ལམ་ཅིག་གི་ལས་གཞིའི་འོག་རི་ལིའི་ལས་གཞི་ཞིག་ཀྱང་འགོ་འཛུགས་བྱས་ཡོད་པ་རེད་འདུག
ཧང་གྷ་རི་རྒྱལ་ཁབ་གི་སྲིད་བློན་(Victor Orban)་ཡིས་ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་གཞན་དང་མི་འདྲ་བར་རྒྱ་ནག་དང་འབྲེལ་ལམ་ཟབ་ཏུ་བཏང་གནང་བ་དང་སྦྲགས། སྔ་ལོ་ཡུལ་དེའི་ནང་ཕྱི་རྒྱལ་གྱི་ཚོང་གི་མ་འཛུགས་ཀྱི་དངུལ་འབབ་ཁོངས་ནས་བརྒྱ་ཆ་༧༥རྒྱ་ནག་ནས་བྱུང་ཡོད་པའི་སྐོར་དང་། ད་ལྟའི་ཆར་འཛམ་བུ་གླིང་འདི་སྲིད་དབང་རྒྱལ་ཁབ་ཁག་ཆ་བགོས་ཐོག་གནས་ཡོད་ལུགས་བརྗོད་ཡོད་པ་རེད་འདུག
ད་རེས་ཞི་ཅིན་ཕིན་གྱིས་ཧང་གྷ་རིའི་ནང་གཟིགས་སྐོར་དུས་སུ་རྒྱལ་ས་(Budapest)་ཡི་སྲང་ལམ་ཁག་བཀག་སྡོམ་གྱིས་བདེ་འཇགས་སྲུང་བྱ་དམ་པོ་བྱས་ཡོད་པ་དང་། ཞི་ཅིན་ཕིན་ལ་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་མཁན་ཕྱོགས་གཉིས་ཀ་ནས་གྲོང་ཁྱེར་དེའི་སྲང་ལམ་སོ་སོ་ནས་དགའ་བསུ་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཞྭ་མོ་དམར་པོ་གྱོན་པའི་དྭང་བླངས་བ་ཡིན་ཟེར་མཁན་མི་མང་པོས་ཞི་ཅིན་ཕིན་གྱི་རླངས་འཁོར་བསྐྱོད་ལམ་དུ་བོད་ཀྱི་རྒྱལ་དར་དང་ཐེ་ཝན་གྱི་རྒྱལ་དར་བཟུང་བའི་རྣམ་པ་འགོག་ཐབས་བྱེད་བཞིན་པ་ཡུལ་དེའི་གྲོས་ཚོགས་འཐུས་མི་ཞིག་གིས་བརྗོད་འདུག་ལ། དེ་བཞིན་རྒྱལ་སྤྱིའི་བོད་དོན་དྲ་གནས་ཀྱི་འབྲེལ་མཐུད་པ་བསྟན་འཛིན་གཡང་འཛོམས་ལགས་ཀྱིས་ཧང་གྷ་རིའི་ཉེན་རྟོག་པས་ཞི་བའི་ངོ་རྒོལ་བ་འགོག་ཐབས་བྱས་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཡོ་རོབ་ནང་གི་གཟིགས་སྐོར་ཐོག་མ་ཧྥ་རན་སིའི་ནང་འབྱོར་སྐབས་ཧྥ་རན་སི་གཙོས་པའི་ཡོ་རོབ་ཡུལ་གྲུ་ཁག་ནང་གནས་སྡོད་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ཞི་ཅིན་ཕིང་ནི་སྲིད་དབང་སྒེར་གཅོད་པ་རེད། བོད་མི་རིགས་ཀྱི་རིག་གཞུང་གོམས་གཤིས་དང་བཅས་པ་རྩ་མེད་བཟོ་མཁན་ཞིག་རེད་ཅེས་འབོད་ཚིག་སྒྲོག་བཞིན་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།
གསར་འགོད་པ། འཆི་མེད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།