འཛོམ་གཉེན་ཆས་ལ་དྲ་རྒྱའི་སིམ་འཛུལ་དང་བདེ་འཇགས་ཐད་གནད་དོན་ལྷག་བཞིན་འདུག


2020.04.10
རྒྱ་ནག་དང་ཨ་རིའི་ཛུམ་(Zoom)་གཉེན་ཆས་དང་འབྲེལ་བའི་ཟུར་ཟའི་རི་མོ། རྒྱ་ནག་དང་ཨ་རིའི་ཛུམ་(Zoom)་གཉེན་ཆས་དང་འབྲེལ་བའི་ཟུར་ཟའི་རི་མོ།
RFA

ཨ་རིའི་གྷུ་གྷལ་(Google)་དྲ་རྒྱ་ཚོང་གཉེར་ཁང་སོགས་ཀྱིས་དྲ་རྒྱའི་སུམ་འཛུལ་དང་བདེ་འཇགས་ལ་དོགས་ནས་འཛོམ་གཉེན་ཆས་བེད་སྤྱོད་གཏོང་རྒྱུ་བཀག་སྡོམ་བྱས་འདུག
གྷུ་གྷལ་(Google)་དྲ་རྒྱ་ཚོང་གཉེར་ཁང་གིས་ཚེས་༨་ཉིན་གཤམ་འོག་ལས་བྱེད་ཚང་མར་གློག་འཕྲིན་བཏང་ནས། དྲ་རྒྱའི་བདེ་འཇགས་ལ་ཉེན་ཚབས་ཡོད་པའི་རྒྱུ་མཚན་གྱི་ཐོག་ནས་ཚོང་གཉེར་ཁང་དེའི་ལས་བྱེད་ཚོའི་ལས་ཁུངས་ཀྱི་གློག་ཀླད་རྩིས་འཁོར་ནང་འཛོམ་(Zoom)་གཉེན་ཆས་བེད་སྤྱོད་བཀག་སྡོམ་བྱས་ཡོད་པ་(BuzzFeed)་སོགས་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
དེའི་ཐད་གྷུ་གྷལ་དྲ་རྒྱ་ཚོང་གཉེར་ཁང་གི་མགྲིན་ཚབ་པས། གྷུ་གྷལ་དྲ་རྒྱ་ཚོང་གཉེར་ཁང་གི་ལས་བྱེད་ཚོར་སྔོན་མ་ནས་ཆོག་མཆན་མེད་པར་ཚད་ལྡན་མ་ཡིན་པའི་གཉེན་ཆས་རིགས་བེད་སྤྱོད་གཏོང་མི་ཆོག་པའི་སྒྲིག་སྲོལ་ཡོད་པ་དང་། ལྷག་པར་འཛོམ་(Zoom)་གཉེན་ཆས་ལ་མཚོན་ན་དྲ་རྒྱའི་བདེ་འཇགས་ཐད་ཉེན་ཚབས་ཡོད་པ་ཉེ་བའི་ཆར་གྷུ་གྷལ་ཚོང་གཉེར་ཁང་གི་བདེ་འཇགས་ལས་དོན་ཚན་པས་ཤེས་རྟོགས་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག
དེ་བཞིན་ད་སྐབས་ཏོག་དབྱིབས་ནད་ཡམས་གསར་བའི་རྐྱེན་མི་ཚང་མས་སོ་སོའི་རང་ཁྱིམ་ནས་ལས་ཀ་བྱེད་བཞིན་པའི་སྐབས་འཛོམས་(Zoom)་གཉེན་ཆས་བརྒྱུད་རྒྱ་ནག་དང་། ཨུ་རུ་སུ། ཨཡེ་རན། བྱང་ཀོ་རི་ཡ་སོགས་ནས་དྲ་རྒྱའི་གསང་ཉུལ་བས་ཨ་རི་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་དང་ཚོགས་སྡེ་ཁག་གི་དྲ་ཐོག་གི་ཚོགས་འདུ་ལ་ལྐོག་ཉན་བྱེད་བ་དང་། ཡིག་ཆ་རྐུ་འཁྱེར་བྱེད་བཞིན་པ་མིང་འབོད་མ་གནང་བའི་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་དུས་བབ་(Time)་གསར་ཁང་ལ་འགྲེལ་བརྗོད་བྱས་འདུག
ཉེ་བའི་ཟླ་བ་ཁ་ཤས་ནང་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་དེ། ད་སྐབས་འཛམ་གླིང་གི་ཡུལ་གྲུ་གང་སར་ཁྱབ་གདལ་དུ་སོང་ནས། རྒྱལ་ཁབ་ཁག་མང་པོས་ལས་ཁུངས་དང་སློབ་གྲྭ་སོགས་སྒོ་རྒྱབ་ནས་འགྲོ་བསྐྱོད་བཀག་སྡོམ་བྱེད་བཞིན་པའི་སྐབས། སོ་སོའི་ཁྱིམ་ནས་ལས་ཀ་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དང་། གནས་སྟངས་དེའི་འོག་གོང་གི་འཛོམ་(Zoom)་གཉེན་ཆས་བེད་སྤྱོད་བྱེད་མཁན་ཇེ་མང་དུ་སོང་ཡོད་པ་རེད། ཡིན་ན་ཡང་ཉེ་བའི་ནང་གཉེན་ཆས་དེར་བདེ་འཇགས་ཀྱི་སྲུང་སྐྱོབས་གཞན་པའི་གནད་དོན་མི་ཉུང་བ་ཞིག་ཡོད་པར་བརྟེན་དྲ་རྒྱའི་ཐོག་གནས་ཚུལ་རྐུ་འཁྱེར་བྱས་བའི་གནས་ཚུལ་མི་ཉུང་བ་བྱུང་ཡོད།
ཉེ་ཆར་ཁེ་ཎ་ཊར་ཡོད་པའི་ཞིབ་འཇུག་ཚོགས་པ་ཞིག་གིས་འཛོམ་(Zoom)་གཉེན་ཆས་དེར་བདེ་འཇགས་ཀྱི་ཐོག་ནས་ཞན་ཆ་ཡོད་པའི་སྙན་ཐོ་ཞིག་ཀྱང་བཏོན་ཡོད་པ་དང་། བཙན་བྱོལ་ནང་གི་བོད་མིའི་ཚོགས་སྡེ་ཁག་མི་ཉུང་བས་གཉེན་ཆས་དེ་བེད་སྤྱོད་གཏོང་མཚམས་འཇོག་བཞིན་པ་རེད།
དེ་བཞིན་ཨ་རིའི་ནང་གྷུ་གྷལ་གཅིག་པུ་མིན་པར་ཨ་རིའི་ནང་གི་ཚོང་གཉེར་ཁང་གཞན་ཁག་ཅིག་གིས་ཀྱང་གཉེན་ཆས་དེ་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎