རྒྱ་གར་གཞུང་གིས་ནད་ཡམས་སྔོན་འགོག་ཆེད་སླར་ཡང་ཁྱིམ་སྡོད་བཀའ་རྒྱ་ཕར་འགྱངས།
2020.04.14

རྒྱ་གར་གྱི་སྲིད་བློན་མཆོག་གིས་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་འོག་རྒྱ་གར་ནང་འགྲོ་བསྐྱོད་བཀག་སྡོམ་དང་ཁྱིམ་སྡོད་བཀའ་རྒྱ་དེ་སླར་ཡང་ཕྱི་ཟླ་༥་ཚེས་༣་བར་ཕར་འགྱངས་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག
ཕྱི་ལོ་༢༠༢༠་ཟླ་༤་ཚེས་༡༤་ཉིན། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རན་དྷར་མོ་དྷི་(Modi)་མཆོག་གིས་བརྙན་འཕྲིན་བརྒྱུད་རྒྱལ་ཡོངས་ལ་གཏམ་བཤད་གནང་སྐབས། རྒྱ་གར་མི་དམངས་ཁྲོད་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་འོག རྒྱ་གར་གཞུང་གིས་ཕྱི་ཟླ་༣་ཚེས་༢༥་ནས་ཕྱི་ཟླ་༤་ཚེས་༡༤་བར་ཉིན་གྲངས་༢༡་རིང་རྒྱལ་ཡོངས་སུ་འགྲོ་བསྐྱོད་བཀག་སྡོམ་དང་ཁྱིམ་སྡོད་བཀའ་རྒྱ་བཏང་བའི་རིང་། མི་དམངས་ཀྱི་ངོས་ནས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པའི་གནས་སྟངས་སུ་གྱུར་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་ཕོག་ཡོད། ཡིན་ནའང་ནད་ཡམས་ཛ་དྲག་སྐབས་ནད་ཡམས་སྔོན་འགོག་ཚོད་འཛིན་དང་རྒྱ་གར་མི་དམངས་ཀྱི་སྲོག་སྐྱོབ་ལས་དོན་ནི་དཔལ་འབྱོར་གྱོང་གུན་ལས་གལ་ཆེ་བ་ཡིན་པས། དམངས་ཚོགས་ཀྱིས་རྒྱ་ཆེ་སར་བསམ་ཞིབ་ཀྱིས་ཕྱག་གྲུ་མཉམ་འདེགས་གནང་རོགས་ཅེས་དང་། ད་ལྟ་རྒྱ་གར་ནང་རྒྱལ་ཁབ་གཞན་དང་བསྡུར་བ་ཡིན་ན་ནད་ཡམས་དེ་གང་ཐུབ་ཚོད་འཛིན་བྱེད་ཐུབ་ཡོད་ཀྱང་། ད་དུང་ཡང་ནད་ཡམས་འདིས་གཞུང་དང་སྨན་ལས་མཁས་པ་ཚོར་གདོང་ལེན་ཆེན་པོ་སྤྲད་བཞིན་ཡོད་པའི་སྐབས་འདིར་མུ་མཐུད་ནས་གདོང་ལེན་ནན་པོ་དང་། ལྷོད་གཡེང་མེད་པའི་ཐོག་ནས་འགྲོ་དགོས་པའི་གནས་སྟངས་ཤིག་ལ་སོང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཁག་དང་ཡང་ནས་ཡང་དུ་གྲོས་བསྡུར་དང་མི་དམངས་ཀྱི་བསམ་ཚུལ་གཞིར་བཟུང་སླར་ཡང་འགྲོ་བསྐྱོད་བཀག་སྡོམ་དང་། སྤྱི་ཚོགས་རྒྱང་བཀྱེད། ཁྱིམ་སྡོད་བཀའ་རྒྱ་དེ་ཕྱི་༥་བའི་ཚེས་༣་བར་ཕར་འགྱངས་བྱེད་པ་ཡིན་ཞེས་བསྒྲགས་འདུག
ཁོང་གིས་མུ་མཐུད་གསུང་དོན། ཕྱི་ཟླ་༤་ཚེས་༢༠་བར་བདུན་ཕྲག་གཅིག་གི་ནང་མངའ་སྡེ་དང་རྫོང་སོ་སོའི་ནང་ནད་ཡམས་ཚོད་འཛིན་གྱི་ཆེད་དུ། ཁྱིམ་སྡོད་བཀའ་རྒྱ་ལག་བསྟར་ཚུལ་བཞིན་བྱེད་མིན་གྱི་གནས་སྟངས་ལ་བསྐྱར་ཞིབ་ནན་པོ་བྱེད་རྒྱུ་ཡིན། ནད་ཡམས་ལ་ཚོད་འཛིན་བྱེད་ཐུབ་པའི་གནས་སྟངས་བྱུང་ན་ས་ཁུལ་དེ་རིགས་ནང་གཙོ་བོ་ཞིང་པ་དང་། ཉིན་རེའི་ལས་ཀའི་ཐོག་ནས་འཚོ་བ་སྐྱེལ་མཁན་མི་དམངས་ཉམས་ཐག་ཚོར་དམིགས་སྟེ་དགོས་ངེས་གནད་དོན་ཁག་ཅིག་གི་ཐོག་ལ་གུ་ཡངས་གཏོང་རྒྱུས་ཚོན་པའི་ལམ་སྟོན་ཁ་གསལ་ཞིག་གནང་འཆར་ཡོད། ས་ཁུལ་དེ་རིགས་ལ་གུ་ཡངས་བཏང་བའི་རྗེས་སུ་སླར་ཡང་ནད་ཡམས་ཐོན་པ་ཡིན་ན་གུ་ཡངས་དེ་དག་ཕྱིར་བསྡུ་བྱེད་རྒྱུ་ཡིན། ས་གནས་ས་སོ་སོའི་འབྲེལ་ཡོད་ཚོས་ཁྱིམ་སྡོད་བཀོད་རྒྱ་ལ་དོ་དམ་ལག་བསྟར་གནང་གི་རེད་ལ་མང་ཚོགས་ནས་མུ་མཐུད་དམ་དོན་དགོས་པ་གསུང་གནང་སོང་།
སྲིད་བློན་མཆོག་གིས་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ལ་ཁ་གཏད་གཅོག་ཆེད་དུ། དོན་ཚན་བདུན་ཅན་གྱི་འབོད་སྐུལ་ཞིག་ཀྱང་གནང་བའི་ནང་གསལ། དང་པོ་དེ་སོ་སོའི་ཁྱིམ་དུ་ཡོད་པའི་རྒན་ཁོག་ཚོར་དམིགས་བསལ་ལྟ་སྐྱོང་བྱེད་དགོས་པ། གཉིས་པ་རང་ཁྱིམ་དུ་བཟོས་པའི་ཁ་རས་བེད་སྤྱོད་དང་། སྤྱི་ཚོགས་རྒྱང་བཀྱེད་བྱེད་དགོས་པ། གསུམ་པ་རྒྱ་གར་སྲོལ་རྒྱུན་(AYUSH)་ཨ་ཡུ་ཤི་གྱི་ལམ་སྟོན་སྟོན་ཁག་ལ་བརྩི་སྲུང་དགོས་པ། བཞི་པ་རྒྱ་གར་གཞུང་གི་( Arogya Setu)་ཨ་རོག་རྒྱའི་ཡ་སི་ཏུ་ཞེས་པའི་མཉེན་ཆས་དེ་བེད་སྤྱོད་བྱེད་དགོས་པ། ལྔ་པ་ཉམས་ཐག་ཚོར་བཟའ་ཆས་ཀྱི་རོགས་སྐྱོར་བྱེད་དགོས་པ། དྲུག་པ་ཛ་དྲག་གི་སྐབས་འདིར་སོ་སོའི་ལས་མི་ཚོ་ལས་ཀ་ནས་ཕྱིར་ཕུད་མི་བྱེད་པར་རོགས་སྐྱོར་བྱེད་དགོས་པ། བདུན་པ་ནད་ཡམས་དང་འབྲེལ་བའི་ལས་དོན་བྱེད་མཁན་འཕྲོད་བསྟེན་ལས་བྱེད་པ་དང། ཉེན་རྟོག་པ། འཛིན་སྐྱོང་ལས་བྱེད། ཉིན་རེའི་དགོས་ཁོའི་ལས་དོན་དང་འབྲེལ་བ་ཡོད་མཁན་བཅས་པར་རྒྱབ་སྐྱོར་དང་གུས་བརྩི་དགོས་པ་སོགས་ཀྱི་འབོད་སྐུལ་གནང་འདུག