ཏོག་དབྱིབས་ནད་ཡམས་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་དོགས་གཅོད་བྱེད་མཁན་ཇེ་མང་རེད།
2020.04.20

ཨོསུ་ཀྲེར་ལི་ཡ་སོགས་གཞུང་དང་ཚོགས་སྡེ་མང་པོས་ཏོག་དབྱིབས་ནད་ཡམས་ཐད་རྒྱ་ནག་གཞུང་ལ་འདྲི་རྩད་དང་ནད་འབུའི་འབྱུང་ཁུངས་སོགས་རྩད་ཞིབ་བྱེད་རྒྱུའི་གནོན་ཤུགས་སྤྲད་འདུག
རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཐད་གནས་ཚུལ་གསལ་པོ་མ་བཟོས་པའི་ཐོག་ཨོསུ་ཀྲེར་ལི་ཡས་(Australia)་འདྲི་རྩད་གནང་བ་མ་ཟད། ནད་ཡམས་དེའི་འབྱུང་ཁུངས་དང་ནད་ཡམས་དེ་ཁྱབ་གདལ་ཇི་ལྟར་བྱུང་བའི་ཐད་རྒྱལ་སྤྱིས་དཔྱད་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་སྟེ་རྒྱ་ནག་ལ་གནོན་ཤུགས་འཕར་མ་སྤྲད་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་དེ་བཞིན། ཐོག་མར་རྒྱ་ནག་དཀྱིལ་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ས་གནས་གང་སར་ཁྱབ་ནས་མི་གྲངས་ས་ཡ་༢་དང་འབུམ་༤་ལྷག་ལ་འགོས་ནས་མི་གྲངས་ཆིག་འབུམ་དྲུག་ཁྲི་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ཨོསུ་ཀྲེར་ལི་ཡའི་(Australia)་ཕྱི་སྲིད་བློན་ཆེན་(Marisa Payne)་མཆོག་གིས། རྒྱ་ནག་གཞུང་གིས་ད་རེས་ཏོག་དབྱིབས་ནད་ཡམས་སྐོར་ཁ་གསལ་པོ་དང་ཕྱི་གསལ་ནང་གསལ་མ་བཟོས་པ་དེར་བློ་འཚབ་ཧ་ཅང་ཆེན་པོ་ཡོད་ལ། ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནད་དོན་དེ་ནི་རང་དབང་ཐོག་ནས་བསྐྱར་ཞིབ་བྱེད་དགོས་པའི་གནད་དོན་ཞིག་དང་། དཔྱད་ཞིབ་བྱེད་དགོས་པ་གལ་ཆེན་ཡིན་སྟབས་ཨོསུ་ཀྲེར་ལི་ཡ་གཞུང་གིས་དེའི་ཐད་ངེས་བར་དཔྱད་ཞིབ་བྱེད་དགོས་པའི་ནན་བརྗོད་གནང་གི་ཡོད་པ་ཡུལ་དེའི་(ABC)་བརྙན་འཕྲིན་ལས་ཁང་ལ་གསུངས་འདུག
ཨོསུ་ཀྲེར་ལི་ཡའི་(Australia)་འཕྲོད་བསྟེན་ལས་ཁང་གི་གྲངས་ཐོ་ལྟར་ན། ཡུལ་དེས་ཏོག་དབྱིབས་ནད་ཡམས་ཐོག་སྟངས་འཛིན་བྱས་ནས། འདི་ཚེས་༡༩་གཟའ་ཉི་མའི་ཉིན་ནད་དེ་འགོས་པ་མི་གྲངས་༥༣་གསར་དུ་ཐོན་པ་བསྡོམས་པས་ད་བར་ནད་པ་མི་གྲངས་༦༥༨༦་དང་། འདས་གྲོངས་སུ་ཕྱིན་པ་མི་གྲངས་༧༡་ལས་བྱུང་མིན་འདུག
ཨོསུ་ཀྲེར་ལི་ཡས་(Australia)་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་དང་ནད་ཡམས་ཁྱབ་གདལ་ཇི་ལྟར་བྱུང་སྐོར་རྒྱལ་སྤྱིས་དཔྱད་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་གནང་བ་དང་། དེའི་སྔོན་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་(Trump)་ལགས་ཀྱིས་ཏོག་དབྱིབས་ནད་ཡམས་སྐོར་རྒྱ་ནག་གཞུང་གིས་ཤེས་བཞིན་དུ་ཁྱབ་གདལ་བཏང་ཡོད་ཚེ་དེའི་མཇུག་འབྲས་ལ་གདོང་ལེན་བྱེད་དགོས་རྒྱུ་ཡིན་སྐོར་གསུང་ཡོད་པ་རེད།
ད་དུང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ལགས་ཀྱིས། ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་ཝུའུ་ཧན་ནང་ཆེད་ལས་པ་ཡོང་འཇུག་དགོས་པ་དང་། ཏོག་དབྱིབས་ནད་འབུ་གསར་བའི་འབྱུང་ཁུངས་སོགས་ཀྱི་ཐད་ཞིབ་འཇུག་བྱེད་འཇུག་དགོས་བའི་རེ་འདུན་བཏོན་བཞིན་ཡོད་པ་གཟའ་པ་སངས་ཉིན་(Fox News)་གསར་ལས་ཁང་ལ་གསུངས་འདུག
དེ་བཞིན་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ལ་བརྟེན་ནས་མི་མང་པོ་འདས་གྲོངས་སུ་ཕྱིན་པ་དང་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་ཕོག་པའི་འགན་རྒྱ་ནག་དམར་ཤོག་ཚོགས་པར་ཡོད་པ་སོགས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་མང་པོས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་བཞིན་པ་རེད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་སྒྲིག་འཛུགས་དང་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༤ ་པའི་ཚེས་༢༠་ཉིན་བར། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༡༠་ཙམ་གྱི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༢༤༣༥༨༧༦་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༡༦༧༣༦༩་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། སུ་པན། ཨེ་ཊ་ལི། ཧྥ་རན་སུ། རྒྱ་ནག དབྱིན་ཡུལ། ཇར་མན་བཅས་ཡིན་པ་རེད།