རྒྱ་ནག་དང་སྔར་རྒྱུན་བཞིན་འབྲེལ་ལམ་ཡོང་དཀའ་བ་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་གསུངས་འདུག

ཏོག་དབྱིབས་ནད་འབུ་གསར་བ་ཐོག་མར་ཚོར་མཁན་དང་སྔོན་འགོག་ཁྲོད་སྐུ་གྲོངས་པ་སྨན་པ་(Li Wenliang)་ལ་ཨ་རིའི་ནང་དྲན་གསོ་ཞུ་བཞིན་པ། ༢༠༢༠།༢།༡༥
ཏོག་དབྱིབས་ནད་འབུ་གསར་བ་ཐོག་མར་ཚོར་མཁན་དང་སྔོན་འགོག་ཁྲོད་སྐུ་གྲོངས་པ་སྨན་པ་(Li Wenliang)་ལ་ཨ་རིའི་ནང་དྲན་གསོ་ཞུ་བཞིན་པ། ༢༠༢༠།༢།༡༥ (AFP)

ཏོག་དབྱིབས་ནད་ཡམས་དང་འབྲེལ་རྒྱ་ནག་ལ་སྐྱོན་བརྗོད་མང་པོ་ཡོང་བཞིན་པ་དང་རྒྱ་ནག་དང་སྔར་རྒྱུན་བཞིན་འབྲེལ་ལམ་ཡོང་དཀའ་བ་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་གསུངས་འདུག
དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཌེ་ཝིཌ་རཱསྦ་ལགས་ཀྱིས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་བྱུང་བའི་རྗེས། དབྱིན་ཡུལ་གྱིས་རྒྱ་ནག་དང་མཉམ་དུ་སྔར་རྒྱུན་བཞིན་འབྲེལ་ལམ་བྱེད་ཐབས་མེད་པ་གསུངས་ཡོད་པ་དང་། འདི་ནི་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཇེ་ཆེར་འགྲོ་བཞིན་པ་དུས་མཚུངས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་སུ་འགྲོ་བཞིན་པའི་མཚོན་རྟགས་གསར་ཤོས་ཤིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
དབྱིན་ཇིའི་ཕྱི་སྲིད་བློན་ཆེན་(Dominic Raab)་མཆོག་གིས་འདི་ཚེས་༡༦་གཟའ་ཕུར་བུའི་ཉིན་གྱི་གསར་འགོད་ཞིག་གི་ཐོག་ གཞི་རྐང་རྒྱ་ནག་གཞུང་གིས་ཝུ་ཧན་དུ་ཡོད་པའི་དབྱིན་ཇིའི་མི་སེར་ཚོར་དབྱིན་ཡུལ་ཕྱིར་ལོག་བྱུང་ཐབས་སོགས་ལ་མཉམ་འབྲེལ་གང་གཟབ་གནང་ཡོད་པ་ངོས་འཛིན་གནང་པ་དང་སྦྲགས། ནད་ཡམས་དེ་ཐོག་མར་བྱུང་སྟངས་དང་དུས་ཚོད་སྔོན་ཙམ་ནས་ནད་ཡམས་དེ་འགོག་ཐབས་ཇི་ལྟར་བྱེད་ཐུབ་མིན་སོགས་ཀྱི་གནད་དོན་ཐད་དྲི་བ་གནད་འགག་ཅན་མང་པོ་ཞིག་ཡོད་མུས་ཡིན་པ་གསུངས་འདུག་ལ། ཁོང་གིས་རིམ་ནད་ཀྱི་གནས་སྟངས་ཞི་བའི་རྗེས་ང་ཚོས་རྒྱ་ནག་དང་རྒྱུན་ལྡན་ལྟ་བུའི་འབྲེལ་བ་ཞིག་ཡོང་ཐབས་མེད་པ་དོགས་པ་རྩ་བ་ནས་མི་དགོས་པ་ཞིག་ཡིན་པ་གསུངས་འདུག དབྱིན་ཇིའི་སྲིད་བློན་སྦོ་རིསི་ཇོན་སོན་ལ་ཏོག་དབྱིབས་ཀྱི་རིམ་ནད་ཕོགས་ནས་ངལ་གསོ་དང་སྨན་བཅོས་ཞུ་བཞིན་ཡོད་པ་དང་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱི་སྲིད་ཚབ་གནང་ཞུགས་ཡོད་པ་རེད།
ཨ་མི་རི་ཀའི་ནང་སྤྱི་མཐུན་ཚོགས་པའི་མི་སྣ་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་རིམ་ནད་འདིའི་ཐད་ལས་དོན་སྤེལ་ཕྱོགས་ལ་གཞིགས་ནས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་བྱེད་ཕྱོགས་ནས་གཏིང་གཟབ་ཀྱི་ཞིབ་འཇུག་བྱེད་དགོས་ལུགས་ཀྱི་བསམ་ཚུལ་ཤུགས་འདོན་བཞིན་པ་ལྟར། དབྱིན་ཇིའི་རྙིང་ཞེན་ Conservative སྲིད་དོན་ཚོགས་པའི་ནང་ལ་ཡང་བསམ་ཚུལ་འདི་གཅིག་མཚུངས་འདོན་མཁན་ཇི་མང་དུ་འགྲོ་བཞིན་ཡོད་པ་རེད།
དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་རྒྱ་ནག་གཞུང་གིས་གནས་ཚུལ་འགྲེལ་བཤད་ལོག་པ་བྱ་རྒྱུའི་ལས་འགུལ་བརྩམ་བཞིན་པ་དེས་ཏོག་དབྱིབས་ནད་འབུའི་རིམ་ནད་ལ་གདོང་ལེན་བྱེད་པའི་གནས་སྟངས་འོག་དབྱིན་ཇིའི་མི་སེར་གྱི་ཚེ་སྲོག་ཤོར་བའི་རྐྱེན་བྱས་ཡོད་པའི་སྐྱོན་འཛུགས་བྱས་འདུག་ལ། ད་དུང་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་ཐོག་མར་ནད་ཡམས་དེ་བྱུང་སྐབས་ཀྱི་གནས་ཚུལ་ཞིབ་ཕྲ་ཐོ་འགོད་བྱ་རྒྱུའི་ཚབ་ཏུ་སྦས་རྐུམ་བྱས་ཐབས་བྱས་ཡོད་པ་བཀོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་གསར་པའི་རིམ་ནད་ Covid19 རྒྱ་ནག་ནས་ཐོག་མར་བྱུང་བར་ངོས་ལེན་བྱེད་ཀྱི་མེད་པར་མ་ཟད། ཕྱི་ཟླ་གཉིས་པའི་ནང་ནད་ཡམས་དེ་རྒྱ་ནག་ཏུ་ཐོག་མར་ཨ་མི་རི་ཀའི་མཚོ་དམག་དམག་མི་ཞིག་ནས་བྱུང་བ་ཡིན་ལུགས་དྲིལ་བསྒྲགས་བྱས་ཡོད་པ་རེད། འོན་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་ལགས་ཀྱིས་རྒྱ་ནག་གིས་བརྗོད་པ་འདི་ནི་ཡོངས་སུ་ལོག་བཤད་ཡིན་པ་གསུངས་པ་དང་སྦྲགས། ནད་ཡམས་དེར་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་ནད་འབུ་ཞེས་ཀྱང་མིང་འདོགས་གནང་ཡོད་པ་རེད།