བོད་ཀྱི་བླ་ཆེན་ཁག་ཅིག་གིས་རྒྱ་གར་ནང་ནད་ཡམས་སྔོན་འགོག་ཆེད་རོགས་དངུལ་སྩལ།


2020.04.09
རྒྱ་གར་ནད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་འགྲོ་བསྐྱོད་བཀག་སྡོམ་སྐབས་ཉམས་ཐག་རྣམས་ལ་ཟས་སྤྱིན། ༢༠༢༠།༤།༩ རྒྱ་གར་ནད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་འགྲོ་བསྐྱོད་བཀག་སྡོམ་སྐབས་ཉམས་ཐག་རྣམས་ལ་ཟས་སྤྱིན། ༢༠༢༠།༤།༩
AFP

ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་དང་གླིང་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་ཁག་ཅིག་གིས་རྒྱ་གར་དབུས་ས་གཉིས་ནང་ནད་ཡམས་སྔོན་འགོག་ཆེད་རོགས་དངུལ་སྩལ་འདུག
དེང་སྐབས་རྒྱ་གར་ནང་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་དེ། ཁྱབ་གདལ་དུ་འགྲོ་བཞིན་པར་རྒྱལ་ཡོངས་སུ་འགྲོ་བསྐྱོད་བཀག་སྡོན་བྱས་ནས་ཡོད་པའི་སྐབས། འདི་ཟླའི་ཚེས་༨་ཉིན། ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་གདུང་སྲས་ཛྙ་ན་བཛྲ་རིན་པོ་རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་དགོན་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་ཁག་ཅིག རྒྱ་གར་ཨུཏིར་ཁནཊི་(Uttarakhand)་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Trivendra Singh Rawat)་མཆོག་དང་མཇལ་འཕྲད་གནང་ནས། ས་སྐྱའི་ཕོ་བྲང་གི་གཙོས་དགོན་པ་ཁག་དང་འབྲེལ་ཡོད་ཚོགས་པ་ཁག་ཐུན་མོང་གི་ངོས་ནས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས་ཀྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ཉི་ཤུ་རྩ་གསུམ་གྱི་རོགས་དངུལ་གནང་ཡོད་པ་དང་། ས་སྐྱའི་བདག་མོ་སྐལ་ལྡན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་གསར་བ་ཁྱབ་གདལ་ཆེ་བའི་སྐབས། སྔོན་འགོག་ཡོ་བྱད་དང་། དེ་བཞིན་འགྲོ་བསྐྱོད་བཀག་སྡོམ་རིང་ཉམས་ཐག་ཡུལ་མི་ཚོའི་འཚོ་བའི་ཐད་དཀའ་ངལ་སེལ་ཕྱིར། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། དགོན་པ་གྲྭ་ཚང་ཁག དེ་བཞིན་བོད་མིའི་སྒྲིག་འཛུགས་གཙོས་བོད་མི་འདུས་སྡོད་ས་གནས་མང་པོ་ནས་རྒྱ་གར་དབུས་ས་གཉིས་ལ་རོགས་རམ་དང་རོགས་དངུལ་ཞལ་འདེབས་གནང་མུས་ལ་སོང་། གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་དགོངས་གཞི་བཞིན་ད་ཐེངས་མངའ་སྡེའི་ཡུལ་མི་ཚོ་ལའང་སྔོན་འགོག་ཡོ་བྱད་དང་། འཚོ་བའི་ངལ་བ་སེལ་ཕྱིར་ཚང་མས་མཉམ་རུབ་བྱས་ནས་རོགས་དངུལ་དེ་གནང་བ་འགྲེལ་བརྗོད་གནང་སོང་།
སྤྱིར་སྟངས་ད་རེས་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་དང་གཞིས་སྒར་ཚང་མ་ནས་རིམས་ནད་སྔོན་འགོག་གི་ལས་འགུལ་ཐད་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད་ཅིང་། ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་རིམས་ནད་མྱུར་དུ་སེལ་བར་དམིགས་ནས་ལྷ་མོ་རི་ཁྲོད་ལོ་མ་གྱོན་མའི་ལྗགས་ལུང་གནང་སྟེ་ངོ་དེབ་བརྒྱུད་ཐད་གཏོང་གནང་ཡོད་པ་རེད།
དེ་བཞིན་ཡང་ཚེས་༧་ཉིན། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་སྲིད་བློན་གྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་ས་ཡ་གཅིག་གི་ཞལ་འདེབས་གསོལ་སྩལ་གནང་ཡོད་པ་དང་། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས། ད་ལྟ་འཛམ་གླིང་ས་ཕྱོགས་གང་སར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་ཕྱིན་ཏེ། སྐྱེ་འགྲོ་མང་པོ་སྡུག་བསྔལ་གྱིས་མནར་བཞིན་པར་ཐུགས་བརྩེ་ཆེན་པོས་ཐུགས་སྨོན་གནང་བཞིན་ཡོད། གོ་ལ་སྤྱི་ལ་ཁྱབ་བཞིན་པའི་གོད་ཆག་འདིའི་འོག་ནས། མི་དམངས་ས་ཡ་མང་པོ་ནད་ཀྱིས་མནར་བ་དང་། འདས་གསོན་ཁ་བྲལ་བྱུང་བ། ཡོང་འབབ་དང་འཚོ་རྟེན་ཤོར་ནས་དཀའ་སྡུག་ཚད་མེད་མྱོང་དགོས་པའི་གནས་སུ་ལྷུང་བཞིན་ཡོད་ཀྱང་། འཛམ་གླིང་ཀུན་ཁྱབ་རང་བཞིན་གྱི་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་ཆེན་པོ་ཞིག་བྱ་ཐབས་དཀའ་ཡང་། ད་ལྟའི་ཆར་རྒྱ་གར་གྱི་ཡུལ་མི་ཉམས་ཐག་མང་པོའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་། ཐུགས་བརྩེས་མ་བཟོད་ནས་ངལ་སེལ་རོགས་སྐྱོར་ཆེད་ཞལ་འདེབས་འབུལ་རྒྱུ་ཡིན་ཅེས་དང་། ད་དུང་སྤྱིར་རླབས་ཆེན་གྱི་རྒྱལ་ཁབ་འདིས་༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་བོད་མི་གྲངས་འབོར་ཧ་ཅང་མང་པོ་ཞིག་ལ་སྐྱབས་བཅོལ་གནང་བ་དང་། ཡང་སྒོས་རྒྱ་གར་འཕགས་པའི་ཡུལ་ནི་རིན་པོ་ཆེ་མཆོག་གི་བཞུགས་གནས་ཡང་ཡིན་པས། སྲིད་བློན་མོ་དྷི་མཆོག་གིས་ད་ལྟ་རྒྱ་གར་དུ་ཁྱབ་བཞིན་པའི་ཏོག་དབྱིབས་ནད་ཡམས་འགོག་ཐབས་དང་། མ་འོངས་པར་ནད་ཡམས་དེའི་རིགས་བྱུང་ཚེ་ཁ་གཏད་གདོང་ལེན་བྱ་ཐབས་ཆེད། མི་སེར་ལ་རོགས་སྐྱོར་དང་ཛ་དྲག་ངལ་སེལ་དགེ་རྩ་གསར་འཛུགས་གནང་བ་དེར་རྒྱབ་སྐྱོར་མཚོན་བྱེད་དུ་ཞལ་འདེབས་འབུལ་རྒྱུ་ཅེས་གསུང་འཕྲིན་སྩལ་འདུག
ཟླ་སྔོན་མའི་ནང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཀྱང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཉམས་ཐག་དགོས་ངེས་ཅན་ཚོར་ཕྱག་དངུལ་ཞལ་འདེབས་སྩལ་གནང་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གཞུང་དང་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༤ ་པའི་ཚེས་༩་ཉིན་བར། རྒྱ་གར་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འགོས་པའི་ནད་པ་མི་གྲངས་༥༨༦༥་ཐོན་པ་དང་། དེའི་ཁྲོད་ནས་མི་གྲངས་༡༦༩་འདས་གྲོངས་སུ་སོང་འདུག གཞན་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་ད་ཆ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༠༦་ཙམ་གྱི་ནང་ཁྱབ་ནས། ཚེས་༩་ཉིན་བར་ཁྱོན་བསྡོམས་ནད་པ་མི་གྲངས་༡༤༩༨༨༣༣་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༨༩༧༣༣་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། སུ་པན། ཨེ་ཊ་ལི། ཧྥ་རན་སུ། རྒྱ་ནག ཇར་མན་བཅས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎