ལ་དྭགས་ནས་ཏོག་དབྱིབས་གསར་བའི་ནད་ཡམས་ཀྱི་ནད་རྟགས་ཡོད་པའི་བོད་མི་གཉིས་གྲོངས་འདུག


2020.08.31
ལ་དྭགས་ནས་ཏོག་དབྱིབས་གསར་བའི་ནད་ཡམས་ཀྱི་ནད་རྟགས་ཡོད་པའི་བོད་མི་གཉིས་གྲོངས་ཡོད་པ། ༢༠༢༠།༨།༣༡ ལ་དྭགས་ནས་ཏོག་དབྱིབས་གསར་བའི་ནད་ཡམས་ཀྱི་ནད་རྟགས་ཡོད་པའི་བོད་མི་གཉིས་གྲོངས་ཡོད་པ། ༢༠༢༠།༨།༣༡
RFA

རྒྱ་གར་ལ་དྭགས་རྒན་གསོ་ཁང་དུ་བོད་མི་བགྲེས་སོང་༣༠་ལ་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་ཁྲོད་ནས་གཉིས་འདས་གྲངས་སུ་ཕྱིན་འདུག
ཉེ་ལམ་རྒྱ་གར་བྱང་ཕྱོགས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་ཁྱིམ་རྒན་གསོ་ཁང་དུ། སྤྱི་ཟླ་༨་པའི་ཚེས་༢༥་ཉིན་བརྟག་དཔྱད་ཀྱི་གྲུབ་དོན་དུ། བོད་མི་རྒན་རྒོན་༣༠་ལ་ཀོ་ཝིཌ་༡༩་(covid 19)་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་ནད་རྟགས་ཐོན་ཡོད་པ་ལྟར། རྗེས་སུ་འདི་ཚེས་༢༨་ཉིན་དང་༢༩་ཉིན་སོ་སོར་བོད་མི་བགྲེས་སོང་ལོ་ན་༨༤་ཅན་གཅིག་དང་། ལོ་ན་༩༥་བྱས་པ་གཅིག་བཅས་རྒན་རྒོན་གཉིས་འདས་གྲོངས་སུ་ཕྱིན་ཡོད་པ། ལ་དྭགས་བོད་ཁྱིམ་གྱི་དབུ་འཛིན་འཆི་མེད་ལྷུན་འགྲུབ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། ཁོང་གི་མུ་མཐུད་དུ་འགྲེལ་བརྗོད་གནང་གསལ་དུ། ལ་དྭགས་རྒན་གསོ་ཁང་དུ། སྤྱིར་བཏང་རྒན་རྒོན་༦༣་ཡོད་པའི་ཁོངས་ནས་མང་ཆེ་བ་ཞིག་ལོ་ན་༧༠་ནས་༩༥་བར་ཡིན་པར་སོང་། ལོ་ནའི་བབས་ཀྱིས་ཛ་དྲག་གནས་སྟངས་ཡོང་སྲིད་པ་ལས། དེ་མིན་ད་ལྟའི་ཆར་ནད་ཡམས་འགོས་ནས་ཟུར་བཀག་བྱེད་བཞིན་པའི་ནད་པ་རྣམས་སྨན་པས་གསུངས་བ་གཞིར་བཟུང་བྱས་པ་ཡིན་ན་ནད་གཞི་འཇམ་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད་འདུག
དེ་བཞིན་ཡང་ཁོང་གིས་གཞི་རྩའི་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁང་། ལ་དྭགས་ས་གནས་འགོ་འཛིན་ལས་ཁང་བཅས་ནས་དགོས་ངེས་མཐུན་འགྱུར་རོགས་རམ་གང་ཡོང་གནང་མུས་ཐོག་ས་གནས་བོད་ཁྱིམ་ལས་བྱེད་ཚོས་དང་བླངས་ཐོག་རོགས་སྐྱོར་བྱེད་མུས་ཡིན་ཡང་། ད་ལྟའི་ནད་ཡམས་འགོས་པའི་ནད་པ་རྣམས་ས་གནས་ཁག་མི་འདྲ་བ་གསུམ་གྱི་ནང་ཟུར་བཀག་བྱེད་བཞིན་ཡོད་པར་སོང་། ད་དུང་ཡང་སྨན་ཞབས་པ་དང་དྭངས་བླངས་ཞབས་ཞུ་བ་མ་འདེངས་བའི་དཀའ་ཡོད་ན་དང་བླངས་དགོས་ངེས་ཡོད་པའི་འབོད་སྐུལ་གནང་གི་འདུག
ཨ་མ་ལགས་ཤིག་ལ་དྭགས་སླེ་རུ་བགྲེས་སོང་ཞིག་ལ་ཞབས་ཕྱི་གནང་བར་ཕེབས་པ་དང་ཆབས་ཅིག ཚུར་རྒན་གསོ་ཁང་དུ་ཡོང་ནས་ཉིན་གྲངས་བཅུ་བཞི་ཙམ་གྱི་རིང་བགྲེས་སོང་ཚོར་ཞབས་གཡོག་གནང་ཡོད་ནའང་། རིམ་པས་ཏོག་དབྱིབས་གསར་བའི་ནད་རྟགས་མངོན་གསལ་ཅན་ཐོན་ཡོད་པར་བརྟེན། བརྟག་དཔྱད་གནང་སྐབས་ཏོག་དབྱིབས་ནད་ཡམས་ཕོག་པ་གསལ་བོ་ཆགས་ཡོད་པ་མ་ཟད། ཁོང་མོའི་ཞབས་ཞུ་གནང་སའི་བགྲེས་སོང་ཚོར་བརྟག་དཔྱད་སྐབས་ཀྱང་དེ་ལྟར་བགྲེས་སོང་༣༠་ལ་ནད་ཡམས་དེ་འགོས་ཡོད་པའི་ནད་རྟགས་ཐོན་པ་ས་གནས་འགོ་འཛིན་གྱིས་འགྲེལ་བརྗོད་གནང་ཡོད།
རྒྱ་གར་དབུས་གཞུང་གི་གྲངས་ཐོ་ལྟར་ན། འདི་ཚེས་༣༡་ཉིན་བར། རྒྱ་གར་ནང་མི་གྲངས་ས་ཡ་གསུམ་དང་ཕྱེད་ཀ་ལྷག་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་དང་། དེའི་ཁྲོད་མི་གྲངས་ཁྲི་༦་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། འདི་ཚེས་༣༠་ཉིན་གཅིག་ནང་རྒྱ་གར་ནང་ཏོག་དབྱིབས་གསར་བའི་ནད་པ་ཁྲི་༧་ལྷག་བྱུང་འདུག དེ་བཞིན་ལ་དྭགས་ཁུལ་དུ་(covid-19)་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་གྲངས་༢༦༣༨་དང་། དེའི་ཁྲོད་འདས་གྲོངས་སུ་གྱུར་བ་༣༤་དྲག་སྐྱེས་བྱུང་བ་༡༧༥༧་ཡོད་པ་རེད།
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། ད་བར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་༢༡༠་ལྷག་གི་ནང་ཁྱབ་གདལ་ཕྱིན་ནས། འདི་ཚེས་༣༡་བར་འཛམ་གླིང་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་པ་མི་གྲངས་༢༥༢༥༩༢༠༡་བྱུང་བའི་ཁྲོད། ནད་པ་མི་གྲངས་༨༤༧༡༠༧་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པར། ད་ཆ་ནད་པ་མང་ཤོས་ཨ་མི་རི་ཀ་དང་། བྷིར་ཛལ། རྒྱ་གར། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཀ པེ་རོའུ་སོགས་ཡིན་པ་རེད།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎