བཀག་རྒྱ་གློད་པས་བོད་མི་ཚོས་བོད་ནང་ཏོག་དབྱིབས་ནད་ཡམས་བསྐྱར་ལོག་བྱེད་སྲིད་པའི་སེམས་ཁྲལ།
བོད་ནང་གི་སློབ་གྲྭ་དང་ཟ་ཁང་མགྲོན་ཁང་སོགས་སྒོ་ཕྱེ་བཞིན་པ་དེས་བོད་ནང་སླར་ཡང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འགོས་ཁྱབ་ཡོང་སྲིད་པ་བོད་མི་ཚོས་སེམས་ཚབས་དང་འཇིགས་སྣང་བྱེད་བཞིན་པ་རེད་འདུག
-
2020-03-26 -
-
-
བོད་ནང་གི་སློབ་གྲྭ་དང་ཟ་ཁང་མགྲོན་ཁང་སོགས་སྒོ་ཕྱེ་བཞིན་པ་དེས་བོད་ནང་སླར་ཡང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འགོས་ཁྱབ་ཡོང་སྲིད་པ་བོད་མི་ཚོས་སེམས་ཚབས་དང་འཇིགས་སྣང་བྱེད་བཞིན་པ་རེད་འདུག
རྒྱ་ནག་གཞུང་གི་བཀོད་ཁྱབ་ལྟར། དེང་སྐབས་བོད་ནང་གི་སློབ་གྲྭ་དང་ཟ་ཁང་མགྲོན་ཁང་སོགས་སྒོ་ཕྱེ་བཞིན་པ་དང་། ལས་ཁུངས་ཁག་གིས་ཀྱང་ལས་འགོ་ཚུགས་བཞིན་པ་དེས་བོད་ནང་སླར་ཡང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འགོས་ཁྱབ་ཡོང་སྲིད་པར་བོད་མི་ཚོས་སེམས་ཚབས་དང་འཇིགས་སྣང་བྱེད་བཞིན་པ། བོད་ནང་གི་བོད་མི་ཁག་ཅིག་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་དེ། དེང་སྐབས་རྒྱ་ནག་ནས་འཛམ་གླིང་གི་ས་ཕྱོགས་གང་སར་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་གསར་བ་སྔོན་འགོག་ཚོད་འཛིན་གྱིས་རྒྱལ་ཁ་ཆེན་པོ་བླངས་ཡོད་ཚུལ་ཕྱིར་བསྒྲགས་བྱེད་བཞིན་པ་རེད།
བོད་མདོ་ཁམས་སྐྱེ་རྒུ་མདོའི་ནང་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་གསུངས་ན། མི་འབོར་ཁྲི་ཉི་ཤུ་ལྷག་ཡོད་པའི་མདོ་ཁམས་སྐྱེ་རྒུ་མདོ་ཁུལ་དུ་ད་ཆ་སློབ་གྲྭ་དང་། ཟ་ཁང་མགྲོན་ཁང་། ཚོང་ཁང་སོགས་སྒོ་ཕྱེ་འགོ་འཛུགས་ཏེ་མི་རྣམས་སྔར་རྒྱུན་བཞིན་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པའི་ཁར། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་གསར་བ་ཐོག་མར་བྱུང་ས་ཧུའུ་པེ་ཞིང་ཆེན་ཡོངས་རྫོགས་འདི་ཚེས་༢༥་ཉིན་ནས་བཀག་སྡོམ་མེད་པར་འགྲོ་བསྐྱོད་ཆ་ཚང་སྒོ་ཕྱེ་བ་བཤད་བཞིན་པས། བོད་ནང་ཏོག་དབྱིབས་ནད་ཡམས་གསར་བ་ནད་ལོག་རྒྱག་པའི་ཉེན་ཁ་ཡོད་པ་ང་ཚོར་སེམས་ཁྲལ་འཕར་མ་ཞིག་སྐྱེས་བྱུང་ཞེས་འགྲེལ་བརྗོད་གནང་སོང་།
ཡང་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས། རྒྱ་ནག་གོང་རིམ་ནས་ད་རེས་ཏོག་དབྱིབས་ནད་ཡམས་གསར་བ་སྔོན་འགོག་ཚོད་འཛིན་ལེགས་པོ་བྱས་ཡོད་ཚུལ་ཁྱབ་བསྒྲགས་དང་། ད་ལྟའི་ཆར་ལྷ་སའི་ཁུལ་གྱི་ཟ་ཁང་དང་། མགྲོན་ཁང་ཡོངས་རྫོགས་སྒོ་ཕྱེ་ཡོད་པའི་ཐོག་འགྲོ་བསྐྱོད་ཆ་ཚང་གློད་ཡོད་པ་དང་། གཞུང་ལམ་དང་མི་ཚོགས་ཡོད་སར་ཁ་རས་གྱོན་མཁན་དང་གྱོན་མེད་མཁན་གཉིས་ཀ་མཐོང་རྒྱུ་ཡོད་པ་མ་ཟད། འདི་ཚེས་༢༦་རེས་གཟའ་ཕུར་བུ་ཉིན་ནས་བཟུང་ལྷ་སའི་སློབ་འབྲིང་རྣམས་སློབ་འགོ་ཚུགས་རྒྱུ་ཡིན་འདུག གནས་སྟངས་དེར་སེམས་ཁྲལ་བྱེད་དགོས་བ་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ད་དུང་བོད་ནང་གནས་སྡོད་བོད་མི་གཞན་ཞིག་གིས། ཏོག་དབྱིབས་ནད་ཡམས་ཚོད་འཛིན་བྱས་ཡོད་ཚུལ་གྱི་ཁྱབ་བསྒྲགས་བ་བལྟས་ནས་ལྷོད་གཡེང་རྩ་བ་ནས་བྱེད་རྒྱུ་མེད་པར། ནད་ཡམས་གཙང་སེལ་ཚོད་འཛིན་མ་ཐུབ་བར་དུ་མུ་མཐུད་ནས་གཟབ་གཟབ་གནང་དགོས་པའི་འབོད་སྐུལ་གནང་གི་འདུག
གསར་ལམ་ཁག་གི་གནས་ཚུལ་ལྟར་ན། བོད་མི་གནས་སྡོད་བྱེད་ཡུལ་རྒྱ་ནག་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་ཚུད་པའི་རྒྱ་ནག་ནང་མུ་མཐུད་དུ། ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་མཁན་ནད་པ་གསར་བ་ཐོན་བཞིན་པ་རེད། ཡིན་ཡང་འདི་ཚེས་༢༥་རེས་གཟའ་ལྷག་པའི་ཉིན། རྒྱ་ནག་གི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཟེར་བས་གནས་ཚུལ་སྤེལ་བར་གཞིགས་ན། གཞུང་གི་བཀག་རྒྱ་གྲོལ་ཏེ་སྤྱི་ཟླ་༣་ཚེས་༢༥་ཉིན་ནས། ཝུའུ་ཧན་གྲོང་ཁྱེར་ཕུད་པའི་ས་ཁུལ་ཁག་གི་འགྲོ་བསྐྱོད་ཡོངས་སུ་གློད་རྒྱུ་ཡིན་པ་དང་། ཝུའུ་ཧན་གྲོང་ཁྱེར་གྱི་བཀག་སྡོམ་ཡང་སྤྱི་ཟླ་༤་པའི་ཚེས་༨་ཉིན་ནས་གློད་རྒྱུ་ཡིན་པ་བཀོད་འདུག
གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ད་ཆ་འཛམ་གླིང་ནང་མི་འབོར་ཐེར་འབུམ་༧་ཡོད་པ་ལས་ཐེར་འབུམ་༣་ཙམ་ཞིག་ཏོག་དབྱིབས་ནད་ཡམས་གསར་བ་དེའི་རྐྱེན་གྱིས་ཕྱི་ལ་ཐོན་མི་ཆོག་པར་འགྲོ་བསྐྱོད་བཀག་སྡོམ་འོག་ཡོད་པ་དང་། དེ་ནི་འཛམ་གླིང་སྤྱིའི་མི་འབོར་གྱི་བརྒྱ་ཆ ༤༣་ཆགས་ཀྱི་ཡོད་པ་རེད། མ་ཟད། རྒྱ་ནག་ནང་སླར་ཡང་ནད་ཡམས་བསྐྱར་ལོག་བྱེད་རྒྱུའི་ཉེན་ཁ་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཀྱི་ཡོད་པ་རེད།