ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་བོད་ནང་སློབ་གྲྭ་འཚོག་རྒྱུ་ནར་འགྱངས།

ལྷ་སར་ཁྱིམ་ཚང་གི་སྒོར་ཕྱི་ལ་ཐོན་མི་ཆོག་པའི་བརྡ་ཐོ་སྦྱར་བཞིན་པ། ༢༠༢༠།༢
ལྷ་སར་ཁྱིམ་ཚང་གི་སྒོར་ཕྱི་ལ་ཐོན་མི་ཆོག་པའི་བརྡ་ཐོ་སྦྱར་བཞིན་པ། ༢༠༢༠།༢ (བོད་འབྱོར།)

0:00 / 0:00

ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཕོག་མཁན་ནད་པ་མི་གྲངས་ཁྲི་དགུ་བརྒལ་བ་དང་བོད་ནང་སློབ་གྲྭ་འཚོག་རྒྱུ་ནར་འགྱངས་བྱས་འདུག།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་འགོས་བའི་ནད་པ་ཁྱོན་༧༨་བྱུང་ཡོད་པའི་ནང་ནས། སྤྱི་ཚེས་༣་པའི་ཚེས་༢་ཉིན་གྱི་བར་དུ་ནད་པ་༤༧་དྲག་ནས་སྨན་ཁང་ནས་ཕྱིར་ཐོན་ཚུལ་བརྗོད་པ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སློབ་གྲྭ་ཁག་འཚོག་རྒྱུའི་དུས་ཚོད་གནས་སྐབས་ནར་འགྱངས་བྱས་འདུག
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ལྷན་ཁང་ཟེར་བ་དེས་སྤྱི་ཚེས་༣་ཉིན་གནས་ཚུལ་སྤེལ་བ་ལྟར་ན། གོང་ཞུས་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་ཐོན་བྱས་པའི་ནད་པ་༤༧་དེ་དག་ནི་རྟའུ་རྫོང་གི་མི་གྲངས་༤༢་དང་། དར་རྩེ་མདོའི་མི་གཉིས། གསེར་རྟ་རྫོང་གི་མི་༢། འདབ་པ་རྫོང་གི་མི་གཅིག་བཅས་ཡིན་པ་བརྗོད་འདུག་པ་མ་ཟད། ལྷག་མར་ནད་པ་༣༡་རྣམས་གཏན་འཁེལ་སྨན་ཁང་ནང་ཟུར་བཀག་སྨན་བཅོས་བྱེད་བཞིན་ཡོད་ཅིང་། ནད་པ་དང་འབྲེལ་འདྲིས་ཉེ་བ་བྱུང་མཁན་མི་གྲངས་༢༠༣་མུ་མཐུད་དུ་གསོ་རིག་ལྟ་སྐྱོང་བྱེད་བཞིན་པ་དང་། དཀར་མཛེས་ཁུལ་ནང་འདས་པའི་ཉིན་བཞི་རིང་བསྟུད་མར་ནད་པ་གསར་པ་ཐོན་མེད་པ་བཀོད་འདུག
དེ་མིན་སྤྱི་ཚེས་༡་ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་གཞུང་གི་སློབ་གསོ་ལས་ཁུངས་ཀྱིས་བརྡ་ཁྱབ་དང་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་ཏེ་དགུན་ཁའི་གུང་གསེང་རྗེས་ཀྱི་སློབ་གྲྭ་འཚོག་རྒྱུའི་དུས་ཚོད་ཟླ་བ་གསུམ་པའི་ཟླ་མཇུག་བར་གནས་སྐབས་ནར་འགྱངས་བྱས་པ་དང་། འགོས་ནད་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ཏེ་སློབ་འགོ་ག་དུས་འཚོགས་མིན་བསྐྱར་དུ་གཏན་འབེབས་བྱ་རྒྱུ་ཡིན་པ་བརྗོད་འདུག
སློབ་གྲྭ་འཚོག་རྒྱུའི་དུས་ཚོད་གནས་སྐབས་ནར་འགྱངས་བྱེད་དོན་ནི། ད་ལྟ་རྒྱ་ནག་གི་ས་གནས་ཁག་ནང་ཏོག་དབྱིབས་གསར་པའི་ནད་ཡམས་ཁྱབ་པའི་དབང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འགོས་ནད་ཁྱབ་གདལ་མི་ཡོང་བའི་ཆེད་དུ་ཡིན་པ་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་བྱས་ཡོད་ནའང་། འགའ་རེས་བརྗོད་ན། གནད་དོན་གཞན་ཞིག་ནི་ལོ་ལྟར་སྤྱི་ཟླ་གསུམ་པ་ནི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་འཁེལ་བའི་རྣོ་ངར་གྱི་ཟླ་བ་ཞིག་ཡིན་པས། དམིགས་བསལ་བོད་ཀྱི་ས་ཁུལ་ཁག་ནང་དམ་བསྒྲགས་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཡིན་པ་དང་། གཞུང་ཕྱོགས་ཀྱིས་འགོས་ནད་དང་ཆབ་སྲིད་ཀྱི་རྣོ་ངར་དུས་ཚོད་གཉིས་ཀར་དམིགས་པ་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་པ་རེད།
ཏོག་དབྱིབས་གསར་པའི་འགོས་ནད་དེ་བཞིན་རྒྱ་ནག་ནང་ཁྱབ་གདལ་ཕྱིན་པའི་རྗེས་བོད་རང་སྐྱོང་ལྗོངས་ཟེར་བའི་སློབ་གསོ་ལས་ཁུངས་ཀྱིས་རིམ་པ་ཁག་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་བརྡ་ཁྱབ་བཏང་སྟེ། སློབ་མ་རེ་རེའི་གཟུགས་གཞིའི་གནས་སྟངས་དང་བོད་དུ་ཕྱིར་ལོག་བྱེད་པའི་དུས་ཚོད་སོགས་ཁ་གསལ་ཐོ་བཀོད་བྱེད་བཅུག་པ་མ་ཟད། རང་སྐྱོང་ལྗོངས་ནང་ས་གནས་གང་ནས་སླེབས་ན་ཡང་ཉིན་བཅུ་བཞིའི་རིང་ཕྱི་ལ་འབྲེལ་བ་མེད་པར་སྡོད་དགོས་ཀྱི་ཡོད་འདུག་ལ། ཡང་སློབ་གྲྭ་ཆུང་བ་འགའ་རེ་ནི་སློབ་མ་རང་ཁྱིམ་དུ་བསྡད་དེ་དྲ་རྒྱ་བརྒྱུད་སློབ་ཁྲིད་བྱེད་འགོ་ཚུགས་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། འདི་གའི་ཚེས་ ༣ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའིའགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དེ་སྤྱི་ཟླ་ ༢ ་ཚེས་ ༡༢་ཉིན་ནད་གཞི་སངས་དྲག་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཐོན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༧༨། དེ་དག་ལས་རྟའུ་རྫོང་ཁོངས་སུ་ནད་པ་༧༣་དང་། དར་རྩེ་མདོ་རུ་ནད་པ་༢། གསེར་རྟ་ལ་ནད་པ་༢། འདབ་པ་ལ་ནད་པ་༡་བཅས་བྱུང་འདུག རྔ་བ་ཁུལ་དུ་༡། ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ ་བཅས་བྱུང་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༣ ་པའི་ཚེས་ ༣་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་༩༢༣༢༠་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། ༼དེའི་ཁྲོད་སྨན་པ་དང་སྨན་ཞབས་༣༣༩༠་ལྷག་ཡོད༽ དེའི་ཁྲོད་ཀྱི་ནད་པ་མི་གྲངས་༣༡༣༡་ཙམ་གྲོངས་འདུག་ལ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༧༠་ཙམ་གྱི་ནང་ནད་ཡམས་དེ་ཁྱབ་ཡོད་འདུག