ཏོག་དབྱིབས་ནད་འབུ་དང་འབྲེལ་ནས་བོད་མི་གཉིས་ལ་བརྡ་ཁྱབ་ཉེན་བརྡ་བཏང་འདུག
2020.02.06
ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་རྒྱ་ནག་ནས་སོ་སོའི་ཕྲུ་གུ་བོད་དུ་བླངས་བར་བརྟེན་བོད་མི་གཉིས་ལ་བརྡ་ཁྱབ་ཉེན་བརྡ་བཏང་འདུག
དེ་ཡང་ལྷོ་ཁའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་བརྡ་ཁྱབ་ཅིག་བཏང་ཡོད་པའི་ནང་། བོད་ཀྱི་ལྷོ་ཁ་ཁུལ་ནས་ཡིན་པའི་དབྱངས་ཅན་དང་། ཁོང་གི་བཟའ་ཟླ་ནོར་བུ་ཚེ་རིང་གིས་ནད་ཡམས་སྔོན་འགོག་ལས་དོན་ལ་ཤུགས་རྐྱེན་ངན་པ་བཟོས་པའི་མིང་ཐོག་ནས་བརྡ་ཁྱབ་ཉེན་བརྡ་བཏང་ཡོད་ཅིང་། ཁོང་གཉིས་ཆོག་མཆན་མེད་པའི་ཐོག་ཟླ་༡ཚེས་༡༨་ཉིན་ཝུའུ་ཧན་ལ་ཕྲུ་གུ་ལྟ་བར་བསྐྱོད་ཡོད་པ་མ་ཟད། སྔ་རྗེས་པེ་ཅིང་དང་ཁྲིན་ཏུའུ་སོགས་སུ་སྤྲོ་འཆམ་ལ་བསྐྱོད་ཡོད་པ་དང་། དེའི་རིང་ལས་ཁུངས་དང་ཚན་པའི་སྐད་འཕྲིན་གྱི་ཚོགས་པའི་ནང་རྒྱ་ནག་ཏུ་ཡོད་པའི་རང་སྐྱོང་ལྗོངས་ཀྱི་མི་སྣ་བོད་ལ་ཚུར་ལོག་རྒྱུར་གནས་སྐབས་ནར་འགྱངས་དགོས་པ་བརྗོད་ན་ཡང་ཟླ་༡་ཚེས་༢༩་ཉིན་ནང་མི་གསུམ་བོད་དུ་ཕྱིར་ལོག་བྱས་པར་བརྟེན་ལྷོ་ཁ་གྲོང་ཁྱེར་གྱི་སྒྲིག་ཁྲིམས་ལྷན་ཁང་གིས་ཚོགས་འདུ་སྐོང་ཚོགས་བྱས་ཏེ་དབྱངས་ཅན་ལ་གནས་ལུགས་གསལ་བཤད་བྱས་པའི་ཐོག་ནས་དྲན་སྐུལ་བྱས་འདུག ཡང་ནོར་བུ་ཚེ་རིང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ནད་རིམས་སྔོན་འགོག་སྟངས་འཛིན་ལྟེ་གནས་ཀྱི་རླངས་འཁོར་ཁ་ལོ་བ་ཡིན་ཞིང་། འབྲེལ་ཡོད་ལས་ཁུངས་ཀྱིས་ཁོང་གཉིས་ཀྱི་ཕྲུ་གུ་ཏོག་དབྱིབས་ནད་འབུ་བྱུང་ཡུལ་ཝུའུ་ཧན་ལ་ཡོད་པ་ཤེས་འཕྲལ་ཁ་པར་སོགས་བརྒྱུད་འབྲེལ་བ་ཐེངས་མང་བྱས་ཏེ་བོད་ལ་ལོག་རྒྱུ་གནས་སྐབས་ནར་འགྱངས་དགོས་པ་བརྗོད་ན་ཡང་མ་ཉན་པར་བོད་ལ་ལོག་ཡོད་འདུག
ལྷོ་ཁར་སླེབས་རྗེས་ནད་རིམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཆེད་ལས་མི་སྣ་མཉམ་དུ། ནོར་བུ་ཚེ་རིང་མངགས་གཏོང་མ་བྱས་པར། ཁོ་པར་བརྟག་དཔྱད་བྱས་པ་བརྒྱུད་ཚ་བ་ཅུང་ཟད་འཕར་ཡོད་པ་ཤེས་རྟོགས་བྱུང་བར་བརྟེན་ནད་རིམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་མདུན་ཉེས་པ་ཡིག་ཐོག་ནས་ངོས་ལེན་དགོས་པ་བརྗོད་འདུག གནས་ཚུལ་ནང་ཚ་བ་ཅུང་ཟད་འཕར་པ་བརྗོད་ན་ཡང་སྨན་བཅོས་དང་ཟུར་བཀག་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མི་འདུག
དེ་མིན་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་དང་ཚན་པ་ཁག་གི་ལས་བྱེད་ལས་བཟོའི་སྐད་འཕྲིན་ཚོགས་པ་ཁག་དང་། སློབ་གྲྭ་ཁག་གི་ཕ་མ་ཚུད་པའི་སྐད་འཕྲིན་ཚོགས་པ་ཁག་ནང་ད་ལྟ་རྒྱ་ནག་ཏུ་ཡོད་པའི་མི་སྣ་བོད་དུ་ཚུར་ལོག་ཡོང་རྒྱུར་གནས་སྐབས་ནར་འགྱངས་དགོས་པའི་བརྡ་ཐོ་བཏང་ཡོད་པ་དང་། སློབ་གྲྭའི་སྐད་འཕྲིན་ཚོགས་པ་ཁག་ནང་ཉིན་ལྟར་སློབ་མ་རེ་རེ་བཞིན་ས་གནས་གང་དུ་ཡོད་པ་དང་གཟུགས་གཞིའི་གནས་སྟངས་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག
གཞན་རྒྱ་ནག་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཁུལ་དུ་ལོག་ཡོང་མཁན་གྱི་མི་ཚང་མ་ཉིན་གྲངས་བཅུ་བཞིའི་རིང་དུས་བཀག་བཟོས་ཏེ་ཕྱིར་སྐྱོད་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གི་ས་གནས་ཁག་ཅིག་ནས་ལྷ་ས་བར་སྐྱོད་མཁན་གྱི་གནམ་གྲུ་སོགས་འགྲིམ་འགྲུལ་ཉུང་དུ་བཏང་བ་ལས་བཀག་མེད་པར་བརྟེན་རྒྱ་ནག་ནས་བོད་ལ་བསྐྱོད་མཁན་ཡོད་མུས་ཡིན་པ་དང་། ལྷ་ས་གཙོས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་གི་ནང་ལས་བྱེད་པ་བོད་དུ་ཕྱིར་ལོག་བྱ་མཁན་ཡིན་ཚེ་རང་རང་སོ་སོའི་ལས་ཁུངས་ཀྱི་ལྟ་ཞིབ་འོག་རང་ཁྱིམ་དུ་ཉིན་གྲངས་བཅུ་བཞིའི་རིང་ཕྱི་ལ་བསྐྱོད་མི་ཆོག་པར་སྡོད་དགོས་ཀྱི་ཡོད་འདུག
ཡང་ས་གནས་གཞན་ནས་ཡོང་མཁན་ཡིན་ཕྱིན་ཟུར་བཀར་ས་གནས་སུ་ཉིན་བཅུ་བཞིའི་རིང་གནས་སྡོད་བྱེད་དགོས་ཀྱི་ཡོད་འདུག འོན་ཀྱང་ཕྱི་ཕྱོགས་ནས་བོད་དུ་ཡོང་མཁན་གྱི་གྲངས་འབོར་དང་ཁོང་ཚོ་ས་གནས་གང་ཞིག་ཏུ་ཟུར་བཀག་བྱེད་ཀྱི་ཡོད་མིན་ཤེས་རྟོགས་མེད་པ་རེད། ཉེ་ཆར་བོད་རང་སྐྱོངས་ལྗོངས་སྲིད་གཞུང་གིས་བོད་རང་སྐྱོང་ཟེར་བའི་ཕྱི་ཕྱོགས་བོད་ཀྱི་ས་ཁུལ་ཁག་ནས་ཡིན་པའི་བོད་པ་ཡོངས་རྫོགས་ཕྱི་ཟླ་ ༡ ་ཟླ་མཇུག་ནས་ཕྱིར་འབུད་བྱེད་བཞིན་ཡོད་པ་རེད།
ཡང་བོད་ནང་ཡོད་མཁན་ཞིག་གིས་བརྗོད་པར་གཞིགས་ན། བོད་ནང་སྨན་བཅོས་མཐུན་རྐྱེན་རྒྱ་ནག་ལས་ཞན་པ་ཡོད་པ་དང་། རིམས་ནད་སྔོན་འགོག་གི་ཉམས་མྱོང་རྒྱ་ནག་ལས་ཞན་པ་ཡོད་པའི་ཁར་གནས་ཚུལ་ཕྱི་གསལ་ནང་གསལ་མེད་པར་དུས་རྒྱུན་ནས་དམ་དྲག་ཆེན་པོ་ཡོད་པས། ཏོག་དབྱིབས་ནད་དུག་དེ་རིགས་ཕོག་མཁན་མང་རུ་ཕྱིན་ཚེ་དཀའ་ངལ་ཆེ་ཤོས་འདི་བོད་ལ་ཆགས་རྒྱུའི་སེམས་ཚབས་བྱེད་བཞིན་ཡོད་འདུག