ཏོག་དབྱིབས་ནད་འབུའི་རྐྱེན་གྱིས་ཕྱིའི་རྒྱལ་ཁབ་མང་པོས་སོ་སོའི་མི་སེར་རྒྱ་ནག་ནས་ཕྱིར་འཐེན།
2020.01.30
རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་རིམས་ནད་ཕོག་པའི་ནད་པ་དང་གྲོངས་མཁན་གྱི་གྲངས་འབོར་འཕེལ་བཞིན་པར་བརྟེན་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་འགྲུལ་ལམ་ཚོད་འཛིན་དང་སྔོན་འགོག་གི་ལས་དོན་འདྲ་མིན་སྤེལ་བཞིན་འདུག
འདི་ཚེས་༣༠་ཉིན་བར་གྱི་གནས་ཚུལ་ལྟར་ན། རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་ཕོག་པའི་ནད་པའི་གྲངས་འབོར་༨༢༣༥་དང་། འདས་གྲོངས་སུ་གྱུར་གྲངས་འབོར་༡༧༡་བར་འཕར་ནས་ནད་འབུ་ཁྱབ་ཚད་ཀྱི་གནས་སྟངས་ཛ་དྲག་ཡིན་པས་ཕྱིའི་རྒྱལ་ཁབ་ཁག་མང་པོས་རྒྱ་ནག་ཝུའུ་ཧན་ནང་གི་སོ་སོའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་། མི་སེར་སོགས་ཆེད་མངགས་གནམ་གྲུ་བཏང་ནས་རྒྱ་ནག་ནས་ཕྱིར་ལེན་ཐབས་བྱེད་བཞིན་པ་དང་། གཞན་རྒྱ་ནག་ཝུའུ་ཧན་གཙོས་རྒྱ་ནག་གི་གྲོང་ཁྱེར་མང་པོར་གནམ་གྲུའི་འགྲུལ་ལམ་ཚོད་འཛིན་དང་སྔོན་འགོག་གི་ལས་དོན་འདྲ་མིན་སྤེལ་བཞིན་འདུག
འདི་ཚེས་༢༩་རེས་གཟའ་ཕུར་བུའི་ཉིན་ཏོག་དབྱིབས་ནད་འབུ་ཐོན་ཁུལ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཨ་རིའི་མི་སེར་ཁྱོན་མི་གྲངས་༢༤༠་ཕྱིར་ཨ་རིར་བླངས་བའི་རིམ་པ་དང་པོ་འབྱོར་ཡོད་པ་དང་། ཁོང་ཚོར་ཏོག་དབྱིབས་ནད་འབུ་ཡོད་མེད་ཞིབ་ཕྲའི་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཉི་ཧོང་གིས་ཝུའུ་ཧན་གྲོང་ཁྱེར་ནས་ཉི་ཧོང་གི་མི་སེར་༢༠༦་ཕྱིར་བླངས་ཡོད་པ་རེད།
གཞན་དབྱིན་ཇིའི་(British Airways)་ འགྲུལ་སྐྱེལ་གནམ་གྲུ་དང་། མཇར་མན་གྱི་(Lufthansa) འགྲུལ་སྐྱེལ་གནམ་གྲུ ཨ་རིའི་(united) འགྲུལ་སྐྱེལ་གནམ་གྲུ་བཅས་ཀྱི་གཙོས་གནམ་གྲུ་ལས་ཁུངས་ཁག་མང་པོས་ཝུའུ་ཧན་གཙོས་རྒྱ་ནག་གི་ས་ཁུལ་མང་པོ་ཞིག་གི་ནང་གནམ་གྲུ་འཕུར་རྒྱུ་ཚོད་འཛིན་ཕྱིར་འཐེན་དང་གནམ་སྐབས་མཚམས་འཇོག་སོགས་བྱེད་བཞིན་པ་དང་། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་མི་སེར་ཚོར་ཛ་དྲག་ཡིན་ན་མ་གཏོགས་གནས་སྐབས་རྒྱ་ནག་ནང་འགྲུལ་བཞུད་བྱེད་རྒྱུར་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད།
གཞན་ཏོག་དབྱིགས་ནད་འབུའི་ནད་ཡམས་དེའི་རྐྱེན་པས་རྒྱ་ནག་དང་ཨེ་ཤེ་ཡའི་དཔལ་འབྱོར་ལ་དོ་ཕོག་འགྲོ་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་ནང་གྷུ་གྷུལ་(Google)་དང་། ཨ་ཀི་ཡ་(AKEA)་སོགས་བཟོ་ཚོང་ལས་ཁང་མང་དག་ཞིག་སྒོ་རྒྱག་བཞིན་ཡོད་འདུག