༧གོང་ས་མཆོག་གིས་རྒྱ་ནག་ནང་གི་ནད་ཡམས་ཞི་བར་སྨོན་ལམ་རྒྱག་གི་ཡོད་པ་བཀའ་སྩལ་འདུག

༧གོང་ས་མཆོག་གིས་བཀའ་སློབ་སྩལ་བཞིན་པ། ༢༠༢༠།༡།༢༩
༧གོང་ས་མཆོག་གིས་བཀའ་སློབ་སྩལ་བཞིན་པ། ༢༠༢༠།༡།༢༩ (OHHDL)

ད་ལྟའི་རྒྱ་ནག་ནང་གི་ནད་ཡམས་ཞི་ཐབས་སུ་ང་ཚོ་ཐུན་མོང་གིས་སྨོན་ལམ་རྒྱག་དགོས་པ་རེད་ཅེས་༧གོང་ས་མཆོག་གིས་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་འཛིན་པ་ཁག་ཅིག་ལ་བཀའ་སྩལ་འདུག

སྤྱི་ཟླ་༡་པོའི་ཚེས་༢༩་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཐེ་ལེན་ཊི་དང་ཝེ་ཏི་ནམ་གྱི་ལེགས་སྦྱར་དང་པ་ལིའི་ཆོས་བརྒྱུད་འཛིན་པ་ཁག་ཅིག་ལ་མཇལ་ཁ་དང་མཉམ་བཀའ་སློབ་སྩལ་སྐབས། ༧གོང་ས་མཆོག་གིས། དེ་རིང་ཁ་སང་རྒྱ་ནག་ནང་ནད་ཡམས་ཤིག་སླེབས་འདུག རྒྱ་ནག་ལ་ཆ་བཞག་ན་ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་ལུང་པ་རེད། དེ་རིང་ང་རང་ཚོ་འདིར་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ང་ཚོ་མཉམ་དུ་ཡོད་དུས། ང་ཚོ་ཚང་མས་ཐུན་མོང་གི་ཐོག་ནས་ནད་ཡམས་དེ་རིམ་པས་ཞི་བར་སྨོན་ལམ་རྒྱག ནང་ཆོས་ལ་དད་པ་ཡོད་མཁན་ཚོ་དང་གཟུངས་སྔགས་བགྲང་བར་གོམས་གཤིས་ཡོད་མཁན་དེ་ཚོའི་གྲས་ལ་རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་བགྲང་དགོས་ཀྱི་རེད་ཅེས་ངོས་ཀྱིས་བཤད་ཀྱི་ཡོད། དེས་ནད་ན་ཚ་མ་ཡོང་བར་ཏན་ཏན་ཁྱད་པར་བཟོ་ཡི་ཡོད་པ་རེད། དེ་རིང་འདིར་ཁྱེད་རང་ཚོའི་ནང་ལ་གཟུངས་སྔགས་བགྲང་རྒྱུར་དོ་སྣང་ཡོད་ན་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྒྲོལ་མའི་གཟུངས་སྔགས་བགྲང་གི་ཡིན་ན་ཕན་གྱི་རེད་ཅེས་དང་།

གང་ལྟར་ས་སྟེང་འདིའི་སྒང་ལ་ནད་ཡམས་དེར་ཏོག་ཙམ་དངངས་སྐྲག་བྱེད་མཁན་མང་པོ་འདུག ངོས་ཀྱིས་ཚང་མར་སྨོན་ལམ་རྒྱག་གི་ཡོད། ད་ལྟ་བཤད་མ་ཐག་པ་ནང་བཞིན་གཟུངས་སྔགས་དེ་འདྲ་ལ་དོ་སྣང་ཡོད་ན་སྒྲོལ་མའི་གཟུངས་སྔགས་བགྲང་ན་ཡག་པོ་ཡོང་གི་རེད། ཅེས་བཀའ་བསྩལ་འདུག

འདི་ཚེས་༢༩་ཉིན་བར་གྱི་གནས་ཚུལ་ལྟར་ན། ད་བར་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་དབྱིན་སྐད་ལ་(coronavirus)་ཕོག་པའི་ནད་པ་གྲངས་༦༠༧༨་བར་འཕར་བའི་ཁྲོད་ནད་པ་མི་གྲངས་༡༣༢་གྲོངས་ཟིན་འདུག་ལ་ནད་པ་དང་གྲོངས་མཁན་གྱི་གྲངས་ཀ་མུ་མཐུད་དུ་འཕར་བཞིན་པ་རེད།