ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་ཉིན་གཅིག་ནང་ཧ་ལམ་ལྡབ་གཅིག་འཕར་འདུག


2020.01.28
ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་ལྷ་ས་གྲོང་ཁྱེར་ཡོངས་སུ་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པ། ༢༠༢༠།༡།༢༨ ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་ལྷ་ས་གྲོང་ཁྱེར་ཡོངས་སུ་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པ། ༢༠༢༠།༡།༢༨
འོད་ཟེར།/FB

ད་བར་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་ཕོག་པའི་ནད་པ་༤༥༣༥་བར་འཕར་བའི་ཁྲོད་ནད་པ་མི་གྲངས་༡༠༦་གྲོངས་འདུག
འདི་ཚེས་༢༨་ཉིན་གནས་ཚུལ་ཐོན་པར་གཞིགས་ན། ད་བར་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་དབྱིན་སྐད་ལ་(coronavirus)་ཕོག་པའི་ནད་པ་གྲངས་༤༥༣༥་བར་འཕར་བའི་ཁྲོད་ནད་པ་མི་གྲངས་༡༠༦་གྲོངས་ཟིན་འདུག ནད་པའི་གྲངས་འབོར་དེ་ཉིན་གཅིག་སྔོན་དང་བསྡུར་ན་ཧ་ལམ་ལྡབ་གཅིག་འཕར་ཡོད་པ་དང་། ཕྱི་ཕྱོགས་སུ་གནས་ཚུལ་མང་པོ་ཐོན་པའི་ནང་། རྒྱ་ནག་གཞུང་གིས་བཏོན་པའི་གྲངས་འབོར་དེར་དོགས་པ་བྱེད་བཞིན་ཡོད་པ་རེད།
གཞན་ཡང་ཏོག་དབྱིབས་ནད་འབུ་དེ་ཐོག་མར་བྱུང་ཡུལ་རྒྱ་ནག་ཝུའུ་ཧན་(Wuhan)་གྲོང་ཁྱེར་ནས་ཕྱིའི་རྒྱལ་ཁབ་ཁག་གིས་སོ་སོའི་མི་སེར་ས་གནས་དེ་ནས་ཕྱིར་ལེན་ཐབས་འབད་བརྩོན་བྱེད་ཀྱི་ཡོད་པ་བཞིན། ཨ་མི་རི་ཀ་དང་། ཉི་ཧོང་ཕྱོགས་ནས་སོ་སོའི་མི་སེར་ཕྱིར་ལེན་ཐབས་གྱིས་གནམ་གྲུ་ཞིག་ཐད་གཏོང་བྱེད་བཞིན་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་མ་གཏོགས་གཞན་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཡོངས་དང་། གཞན་ཉུང་མཐར་ཕྱིའི་རྒྱལ་ཁབ་༡༦་ཙམ་གྱི་ནང་ཏོག་དབྱིབས་ནད་འབུ་དེ་ཁྱབ་ཟིན་ཡོད་པ་རེད།
ཛ་དྲག་གི་གནས་སྟངས་དེའི་འོག་ཏོག་དབྱིབས་ནད་འབུ་ཐོག་མར་བྱུང་ས་རྒྱ་ནག་དབུས་ཁུལ་ཧུའུ་པེ་(Hubei)་ཞིང་ཆེན་གྱི་ཝུའུ་ཧན་(Wuhan)་གྲོང་ཁྱེར་གཙོས་གྲོང་ཁྱེར་མང་པོའི་འགྲིམ་འགྲུལ་ཕྱོགས་བསྐྱོད་ཆ་ཚང་ཐོག་དམ་དྲག་བཀག་སྡོམ་བྱས་ཡོད་པ་དང་། རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་ད་ལྟའི་ཆར་མི་དམངས་འདུ་འཛོམས་ཆེ་སར་ངེས་བར་དུ་ཁ་རས་གྱོན་དགོས་པའི་བཀའ་རྒྱ་བཏང་ཟིན་པ་རེད། དེ་མིན་ཡང་ཆུ་ཚོད་ཁ་ཤས་སྔོན། ཧོང་ཀོང་གི་གྲོང་ཁྱེར་སྤྱི་ཁྱབ་པ་(Carrie Lam)་ཡིས་གྲོང་ཁྱེར་ནང་ནད་ཡམས་དེ་ཁྱབ་གདལ་མི་འགྲོ་བའི་ཆེད་རེས་གཟའ་ཕུར་པུ་ཉིན་ནས་ཧོང་ཀོང་ནང་རྒྱ་ནག་ཕྱོགས་ཀྱི་མེ་འཁོར་དང་། གནམ་གྲུ། གྲུ་གཟིངས་སོགས་ཀྱི་འགྲིམ་འགྲུལ་ཆ་ཚང་བཀག་སྡོམ་བྱེད་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།
རྒྱ་གཞུང་གི་གྲངས་འབོར་ལ་གཞིགས་ན། ད་ལྟའི་ཆར་བོད་རིཊ་འདུས་སྡོད་བྱས་པའི་ཞིང་ཆེན་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་བཞིའི་ནང་ཏོག་དབྱིབས་ནད་འབུ་ཕོག་པའི་ནད་པ་སྡོམ་༡༤༠་ལྷག་བྱུང་ཡོད་པ་དང་། དེ་ནི་ཕྱི་ཟླ་༡ཚེས་༢༧་བར། སི་ཁྲོན་ཞིང་ཆེན་དུ་ཁྱོན་སྡོམ་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་འགོས་པའི་ནད་པ་༩༠་བྱུང་ཡོད་པ་དང་། ཕྱི་ཟླ་༡ཚེས་༢༧་ཉིན་བར། མཚོ་སྔོན་ཞིང་ཆེན་དུ་ཁྱོན་སྡོམ་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་འགོས་པའི་ནད་པ་༦་བྱུང་ཡོད་ཅིང་། ནད་པ་དེ་དག་ཟི་ལིང་ནས་ཡིན་པ་དང་། མིག་སྔར་ནད་ཡམས་འགོག་བཅོས་ཀྱི་གཏན་འཁེལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ལ། ནད་པ་དང་འབྲེལ་བ་དམ་ཟབ་བྱེད་མཁན་རིགས་ལ་རྗེས་སྙེག་བརྟག་དཔྱད་དང་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད་པ་འཁོད་འདུག
ད་དུང་ཕྱི་ཟླ་༡ཚེས་༢༧་བར། ཀན་སུའུ་ཞིང་ཆེན་དུ་ཁྱོན་སྡོམ་ཏོག་དབྱིབས་ནད་དུག་གསར་པའི་ནད་པ་༡༩་བྱུང་ཡོད་པའི་ནང་ནས་ནད་གཞི་ལྕི་མོ་ཕོག་པའི་ནད་པ་༤་ཡོད་པ་དང་། ཕྱི་ཟླ་༡་ཚེས་༢༧་བར། ཡུན་ནན་ཞིང་ཆེན་དུ་ཁྱོན་སྡོམ་ཏོག་དབྱིབས་ནད་དུག་གསར་པ་ཕོག་པའི་ནད་པ་༢༦་བྱུང་ཡོད་པ་རེད། ཡིན་ཡང་ཞིང་ཆེན་དེ་དག་ནང་གི་ནད་པའི་ཁྲོད་བོད་རིགས་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎