རྒྱ་ནག་གི་ཝུ་ཧན་ཁུལ་དུ་སློབ་སྦྱོང་བྱེད་མཁན་བོད་རང་སྐྱོང་ལྗོངས་ཟེར་བ་ནས་ཡིན་པའི་སློབ་མ་༡༩༠༠ཙམ་བོད་ལ་ཕྱིར་ལོག་བྱས་འདུག


2020.01.27
རྒྱ་ནག་ཝུའུ་ཧན་ནང་(Sars)་ཆམ་ནད་དང་འདྲ་བའི་ནད་གཞི་གསར་བ་ཕོག་པའི་ནད་པ་ཞིག་སྨན་ཁང་དུ་སྐྱེལ་བཞིན་པ། ༢༠༢༠།༡།༡༨ རྒྱ་ནག་ཝུའུ་ཧན་ནང་(Sars)་ཆམ་ནད་དང་འདྲ་བའི་ནད་གཞི་གསར་བ་ཕོག་པའི་ནད་པ་ཞིག་སྨན་ཁང་དུ་སྐྱེལ་བཞིན་པ། ༢༠༢༠།༡།༡༨
AFP


དེ་ཡང་འདི་ག་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར།    རྒྱ་ནག་གི་སློབ་གྲྭའི་དགུན་ཁའི་གུང་གསེང་བཏང་པའི་སྐབས་དེར་ཝུ་ཧན་ལ་ཏོག་དབྱིབས་ནད་དུག་གི་གློ་ཚད་འགོས་ནད་ཐོན་པའི་སྐབས་ཡིན་ཞིང་།   བོད་རང་སྐྱོང་ལྗོངས་ཟེར་བ་ནས་ཝུ་ཧན་གྱི་སློབ་གྲྭ་ཆེན་མོ་ཁག་ནང་སློབ་སྦྱོང་བྱེད་མཁན་སློབ་མ་༡༩༠༠ཙམ་ཞིག་བོད་ལ་ཕྱིར་ལོག་བྱས་ཤིང་།  རང་འགུལ་ངང་སྨན་ཁང་ལ་བརྟག་དཔྱད་བྱེད་པར་སྐྱོད་མཁན་བྱུང་ཡོད་ལ།   ཕྱི་ཕྱོགས་ལ་མ་བསྐྱོད་པར་རང་རང་སོ་སོའི་ཁྱིམ་དུ་གནས་མུས་རེད་འདུག   དེའི་ནང་ནས་ལྷོ་ཁ་ཁུལ་ནས་ཡིན་པའི་སློབ་མ་གཉིས་གཟུགས་པོ་མི་བདེ་བ་བྱུང་སྟེ་ཏོག་དབྱིབས་ནད་དུག་གི་གློ་ཚད་འགོས་ནད་ཀྱི་དོགས་པའི་འོག་ནས་ལྷོ་ཁར་ཟུར་བཀར་བྱས་ཡོད་འདུག   

དེ་མིན་རྒྱ་ནག་ཝུ་ཧན་ལ་ཝུ་ཧན་གྱི་བོད་ལྗོངས་སློབ་འབྲིང་ཟེར་བ་ཞིག་ཡོད་པའི་ནང་བོད་པའི་སློབ་མ་བརྒྱ་ཕྲག་ཁ་ཤས་ཡོད་ཅིང་།   ཆ་རྐྱེན་ཡོད་པའི་ཕྲུ་གུ་ཕ་མས་བོད་དང་དེ་མིན་ས་གནས་སུ་ཉེན་གཡོལ་ཆེད་འཁྲིད་ཡོད་འདུག་ལ། གང་དུ་ཡང་འགྲོ་མ་ཐུབ་པར་ཝུ་ཧན་ལ་ལུས་པའི་བོད་པའི་སློབ་མ་ཚོའི་གནས་སྟངས་ལ་མི་ཚོས་སེམས་འཚབ་བྱེད་བཞིན་ཡོད་འདུག   

ད་ལྟ་རྒྱ་ནག་གི་ས་གནས་མང་པོའི་ནང་འགོས་ནད་འདི་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་ཡོད་པ་དང་།    བོད་ཀྱི་ས་ཁུལ་ནང་ཏོག་དབྱིབས་ནད་དུག་གི་གློ་ཚད་འགོས་ནད་ཕོགས་པའི་ནད་པ་ཐོན་ཡོད་པ་གསལ་བསྒྲགས་བྱས་མེད་རུང་།    ཝུ་ཧན་ལ་འགོས་ནད་འདི་ཐོན་པའི་རྗེས་བོད་ལ་བསྐྱོད་མཁན་གྱི་འགྲིམ་འགྲུལ་ཁག་ཕྱི་ཟླ་༡ཚེས་༢༣བར་བཀག་མེད་ལ།   བོད་པ་ཚུད་པའི་མི་མང་པོ་ཝུ་ཧན་ནས་ཡོང་མཁན་བྱུང་ཡོད།     བོད་ནང་ཡོད་མཁན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་པར་གཞིགས་ན།    བོད་ནང་འགོས་ནད་འདི་བརྟག་དཔྱད་དང་ངོས་འཛིན་སྟངས་སོགས་ཀྱི་ཉམས་མྱོང་མེད་པའི་ཐོག་སྨན་བཅོས་མཐུན་རྐྱེན་རྒྱ་ནག་ལས་ཞན་པ་ཡོད་པ་དང་།   གནས་ཚུལ་གང་ཡིན་རུང་ཕྱི་གསལ་ནང་གསལ་མེད་པར་མང་ཚོགས་ལ་མགོ་བསྐོར་བཏང་པའི་གནས་ཚུལ་རྒྱུན་དུ་ནས་ཡོད་བཞིན་པར་བརྟེན་། གལ་ཏེ་འགོས་ནད་དེ་རིགས་ཐོན་པ་ཡིན་ན།   གང་ཅིའི་གནས་སྟངས་ཀྱི་ཐོག་ནས་ཁྱབ་གདལ་འགྲོ་བའི་ཉེན་ཁ་ཆེ་བ་ཡོད་པ་མ་ཟད།   སྨན་བཅོས་ཀྱང་ཡག་པོ་མེད་པ་བརྗོད་མཁན་ཡང་ཡོད་འདུག་ཅིང་། ད་ལྟའི་འཆར་ལྷ་སར་འཛུལ་སའི་ས་ཆར་བརྟག་དཔྱད་ཀྱི་ས་ཚིགས་བཙུགས་ཏེ་མད་རྟགས་ཡོད་མིན་བརྟག་དཔྱད་བྱེད་ཀྱི་ཡོད་འདུག

ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་གཅིག་ལྕོགས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ཉེ་ལམ་ཝུ་ཧན་ནས་ཐོན་པའི་ནད་གཞི་དེ་བོད་ནང་དུ་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་རྒྱ་ནག་གཞུང་ལ་འགན་ཁྲིད་ཆེན་པོ་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་དབྱེ་འབྱེད་མེད་པའི་ཐོག་ནས་བོད་ནང་གི་བོད་མི་ཚོའི་འཕྲོད་བསྟེན་གནས་བབ་དང་ནད་གཞི་དེ་སྔོན་འགོག་བྱེད་རྒྱུའི་ཐད་འཐུས་སྦྱོར་རོགས་རམ་གང་ཐུབ་ཡོད་བའི་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་གོང་ཞུས་གནས་ཚུལ་འདི་དང་འབྲེལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་ཡུལ་གཞིར་བཟུང་དུས་རྟག་ཏུ་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལུས་བདེ་སེམས་སྐྱིད་ཡོང་བའི་སྨོན་འདུན་དང་རེ་བ་བྱེད་བཞིན་ཡོད། ཡིན་ནའང་ད་རེས་བོད་ཤར་ཕྱོགས་ཀྱི་ཉེ་འཁྲིས་སུ་ཆགས་པའི་རྒྱ་ནག་གི་ཝུ་ཧན་ཁུལ་ནས་ཏོག་དབྱིབས་ནད་དུག་གི་གློ་ཚད་འགོས་ནད་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་དེར་ང་ཚོ་བློ་ཚབས་སྐྱིད་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་མ་ཟད། ལྷག་པར་དུ་ནད་གཞི་དེ་ཁྱབ་གདལ་ཤིན་ཏུ་མགྱོགས་པོ་འགྲོ་གྱིན་ཡོད་བརྟེན། བོད་མི་ཚོས་ད་ལྟ་ནས་ནད་གཞི་དེར་སྔོན་འགོག་དང་ཡིད་གཟབ་གནང་དགོས་གལ་ཆེ་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།

ཁ་སང་སྤྱི་ཚེས་༢༦ ཉིན་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། ཝུ་ཧན་གྲོང་ཁྱེར་ནས་རི་དྭགས་སེམས་ཅན་དང་མཚོ་ཟས་ཀྱི་རིགས་རྣམས་ཚོང་འབྲེལ་བྱེད་མི་ཆོག་པ་བཀག་སྡོམ་བྱེད་རྒྱུ་ཡིན་པ་བཀོད་འདུག ད་བར་རྒྱ་ནག་ནང་དུ་མི་གྲངས་༢༧༤༤ ལ་ཏོག་དབྱིབས་ནད་དུག་གི་གློ་ཚད་ནད་རིགས་དེ་འགོས་འདུག་ཅིང་། མི་གྲངས་༨༠ འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། ད་བར་འཛམ་གླིང་ནང་རྒྱལ་ཁབ་༡༠ ཡི་ནང་དུ་ནད་རིགས་དེ་ཁྱབ་བརྡལ་ཕྱིན་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎