སྔ་ལོར་འཛམ་གླིང་ནང་སྲོག་ཐོག་བཏང་བའི་གྲངས་འབོར་མང་བ།
སྔ་ལོ་༢༠༡༥་ལོར་འཛམ་གླིང་གི་ཡུལ་གྲུ་གང་སར་མི་གྲངས་༡༦༣༤་སྲོག་ཐོག་བཏང་བ་༡༩༨༩་རྗེས་སུ་གྲངས་འབོར་མཐོ་ཤོས་ཆགས་ཡོད་པ།
-
2016-04-06 -
-
-
དེ་ཡང་སྔ་ལོ་སྤྱི་ལོ་༢༠༡༥་ལོར། འཛམ་གླིང་གི་ཡུལ་གྲུ་གང་སར་མི་གྲངས་༡༦༣༤་ཁྲིམས་ཐོག་ནས་སྲོག་ཐོག་བཏང་ཡོད་པ་དང་། དེ་ནི་སྤྱི་ལོ་༡༩༨༩་རྗེས་སུ་སྲོག་ཁྲིམས་བཅད་པའི་གྲངས་འབོར་མཐོ་ཤོས་ཆགས་ཡོད་པ་ཚེས་༦ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་གསལ་འདུག།
སྤྱི་ལོ་༢༠༡༥་ལོར། རྒྱལ་སྤྱིའི་ཐོག་སྲོག་ཐོག་བཏང་བའི་གྲངས་འབོར་མང་ཤོས་ཨི་རན་དང་། པ་ཀི་སི་ཐན། Saudi Arabia་རྒྱལ་ཁབ་བཅས་ནང་བྱུང་འདུག་པ་དང་། དེ་ཡང་པ་ཀི་སི་ཐན་ནང་མི་གྲངས་༣༢༦་སྲོག་ཐོག་བཏང་ཡོད་པ་དང་། Saudi Arabia་ནང་མི་གྲངས་༡༥༨་སྲོག་ཐོག་གཏང་བ། Iran་ནང་མི་གྲངས་༩༧༧སྲོག་ཐོག་གཏང་བ་གསལ་འདུག
ཡིན་ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྙན་ཐོའི་ནང་། རྒྱ་ནག་ནང་ཁྲིམས་ཐོག་སྲོག་ཐོག་བཏང་བའི་གྲངས་ཐོ་གསལ་མེད་པ་རེད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཤར་ཨེ་ཤི་ཡའི་འགན་འཛིན་Nicholas Bequelinཡིས། ཕེརན་སི་གསར་སྤེལ་ཁང་ལ་གསུངས་གསལ་ལྟར་ན། རྒྱ་ནག་ནང་ལོ་རེར་མི་གྲངས་སྟོང་ཕྲག་བརྒལ་བ་ཁྲིམས་ཐོག་ནས་སྲོག་ཐོག་བཏང་གི་ཡོད་པ་ཚོད་རྩིེས་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་ནས་གནས་ཚུལ་དེ་རིགས་སྦས་གསང་བྱས་པའི་རྐྱེན་ཁ་གསལ་ཤེས་རྟོགས་དཀའ་བར་འགྱུར་ཡོད་པ་རེད།
རྒྱ་ནག་ནང་མི་གྲངས་སྟོང་ཕྲག་མང་པོ་ཁྲིམས་ཐོག་ནས་སྲོག་ཐོག་བཏང་བའི་ཞིབ་ཕྲའི་སྡོམ་རྩིས་ཕྱིར་བསྒྲགས་བྱས་ཚེ། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཆེ་མཐོང་ལ་དོ་ཕོགས་ཆེན་པོ་འགྲོ་ཉེན་ཡིན་པ་དེ་རྒྱ་ནག་གཞུང་གི་ཤེས་ཀྱི་ཡོད་སྟབས། གནས་ཚུལ་དེ་རིགས་ལ་ཆེད་མངགས་ཕྱི་གསལ་ནང་གསལ་བྱ་འདོད་མེད་པ་རེད་ཅེས་གསུངས་འདུག
ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཤར་ཨེ་ཤི་ཡའི་འགན་འཛིན་གྱིས་མུ་མཐུད་གསུངས་གསལ་དུ། རྒྱ་ནག་ནང་ཁྲིམས་ཐོག་སྲོག་ཐོག་བཅད་པའི་གྲངས་ཐོ་དང་ལྷག་པར་དུ་སྲོག་ཐོག་བཏང་བའི་མིའི་དབང་པོ་ཚོང་འགྱུར་བྱེད་པའི་གནས་ཚུལ་དེ་རིགས་ལ། རྒྱ་ནག་གཞུང་ནས་ཁ་གསལ་ངོས་ལེན་དང་གནས་ཚུལ་ཕྱིར་བསྒྲགས་འབྱུང་ཐབས་སུ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་ལོ་མང་རིང་ནས་འབོད་སྐུལ་ཞུ་དང་ཞུ་མུས་ཡིན་པ་གསལ་འདོན་གནང་འདུག
སྤྱི་ཡོངས་ཆ་ནས་གོང་གསལ་སྙན་ཐོར་གཞིགས་བཞག་ན། སྤྱི་ལོ་༢༠༡༥ལོར་རྒྱལ་སྤྱིའི་ཡུལ་གྲུ་༢༥ནས་ཁྲིམས་ཐོག་སྲོག་ཐོག་བཏང་བའི་གནས་ཚུལ་བྱུང་འདུག་པ་དང་། སྲོག་ཐོག་གཏོང་སྟངས་ཀྱི་ཐད་ནས་སྐེ་བཅད་སྟེ་བསད་པ་དང་། སྐེ་ཐག་པ་ལ་དཔྱང་སྟེ་བསད་པ། སྨན་ཁབ་རྒྱབ་ནས་བསད་པ། དེ་བཞིན་མེ་མདའ་རྒྱབ་ནས་བསད་པ་སོགས་བྱུང་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།